༧གོང་ས་མཆོག་གིས་ཆུ་ལོག་གི་ངལ་སེལ་ཆེད་ཞལ་འདེབས་སྩལ་འདུག

རྒྱ་གར་ནུབ་ཕྱོཊ་(Gujarat)་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་བྱུང་བར་༧གོང་ས་མཆོག་གིས་ཐུགས་གསོ་དང་རོགས་དངུལ་སྩལ་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག ༢༠༡༧།༧།༣༠ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གུཇ་རཏ་མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་ཚབས་ཆེ་ཕོག་པར་ཐུགས་གསོ་དང་ངལ་སེལ་རོགས་དངུལ་གསོལ་སྩལ་མཛད་འདུག
རྒྱ་གར་ནུབ་ཕྱོགས་Gujarat མངའ་སྡེའི་ས་ཁུལ་ཁག་ཏུ་ཉེ་ལམ་ཆར་ཞོད་ཧ་ཅང་ཆེ་བས་རྐྱེན་གྱིས་ཆུ་ལོག་ཚབས་ཆེ་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཚབས་ཆེ་ཕོག་ཡོད་པ་དང་།  རྒྱ་གར་གྱི་གསར་ཤོག་ཁག་ནང་གནས་ཚུལ་སྤེལ་བར་ལྟར་ན་  ད་བར་ཆུ་ལོག་གི་རྐྱེན་པས་གུཇ་རཏ་མངའ་སྡེའི་ནང་མི་གྲངས་༢༡༣ཙམ་ཀྱི་ཚེ་སྲོག་ཤོར་ཡོད་པ་དང་། མི་མང་འབུམ་གཅིག་ལྷག་ས་གནས་གཞན་དུ་ཉེན་གཡོལ་དུ་འགྲོ་དགོས་ཆགས་འདུག་ཅིང་། འདི་ནི་ལོ་བརྒྱ་ཕྲག་གཅིག་གི་ནང་ཆུ་ལོག་གི་ཉེན་ཚབས་ཆེ་ཤོས་གྲས་ཤིག་ཆགས་ཡོད་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༡ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་Vijay Rupani མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ་དེའི་ནང་། Gujrat མངའ་སྡེའི་ནང་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་ཉེན་སྐྱོབ་དང་ཛ་དྲག་ངལ་སེལ་ལས་གཞི་འགྲོ་མུས་ཡིན་པ་མཁྱེན་རྟོགས་ཡོད་ཅེས་དང་། ཐེངས་འདིར་ཆུ་ལོག་གི་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ད་ལྟ་ཡིད་གདུང་དྲག་པོས་མནར་བཞིན་ཡོད་སྟབས་ངོས་ཀྱིས་བློ་ཕམ་ཧ་ཅང་ཆེན་པོས་སེམས་གསོ་ཞུ་རྒྱུ་དང་།  གཞན་ཡང་གོད་ཆག་ཕོག་མཁན་མི་མང་གཞན་ཚོ་ལའང་གདུང་སེམས་མཉམ་སྐྱེ་མཚོན་སླད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་ངལ་སེལ་རོགས་སྐྱོབ་ཀྱི་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན་ཞེས་འཁོད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org