༧གོང་ས་མཆོག་གིས་ཆོས་ལུགས་རིས་མེད་ཀྱི་ལྷན་ཚོགས་ཐོག་བཀའ་སློབ།
༧གོང་ས་མཆོག་གིས་རྒྱ་གར་ནང་ཆོས་ལུཊ་རིས་མེད་ཡོངས་རྫོཊ་ཞི་བདེ་འཆམ་མཐུན་ངང་གནས་ཡོད་པ་མིག་དཔེར་འོས་བའི་བསྔགས་བརྗོད་གནང་འདུག
-
2017-08-14 -
-
-
Your browser doesn’t support HTML5 audio
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༣་ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་ཆོས་ལུཊ་རིས་མེད་ཀྱི་དབུ་ཁྲིད་རྣམ་པའི་བགྲོ་གླེང་ལྷན་ཚོགས་ཐོག རྒྱ་གར་ནང་ཆོས་ལུགས་རིས་མེད་ཡོངས་རྫོགས་ལག་ལེན་བསྟར་བཞིན་པར་བསྔགས་བརྗོད་མཛད་པ་དང་། རྒྱ་གར་ནང་ཆོས་ལུགས་རིས་མེད་ཡོངས་རྫོགས་ཞི་བདེའི་ངང་འཆམ་མཐུན་གནས་པའི་དཔེ་མཚོན་བཟང་པོ་དེའི་རྗེས་སུ་འཛམ་གླིང་རྒྱལ་ཡོངས་འཇུག་དགོས་སྐོར་མི་མང་༤༠༠༠་འདུ་འཛོམས་བྱུང་བ་རྣམས་ལ་བཀའ་སློབ་གནང་འདུག
༧གོང་ས་མཆོག་གིས་བཀའ་སྩལ་དོན་གཙོ་བོར། རྒྱ་གར་དེ་བཞིན་དཀའ་རྙོག་ཆེ་བའི་རྒྱལ་ཁབ་ཅིག་ཡིན་མིན་ལ་མ་ལྟོས་པར་ཆོས་ལུགས་རིས་མེད་འཆམ་མཐུན་མཉམ་གནས་དང་འབྲེལ་ཡོད་ཐད་རྒྱ་གར་ནི་ཆོས་ལུགས་རིས་མེད་ཡོངས་རྫོགས་ཞི་བདེ་དང་གུས་བརྩི་ལྡན་པའི་ཐོག་ནས་འཆམ་མཐུན་མཉམ་གནས་ཡོད་པའི་དཔེ་མཚོན་བཟང་པོ་ཞིག་ཡིན་སྐོར་བསྔགས་བརྗོད་མཛད་པ་མ་ཟད། འཛམ་གླིང་ནང་རྒྱལ་ཁབ་༢༠༠་ལྷག་ཡོད་པ་ཚོས་དེའི་རྗེས་སུ་འཇུག་དགོས་སྐོར་གཟའ་ཉི་མའི་ཉིན་གྲོང་ཁྱེར་མུམ་བྷེའི་ནང་རྒྱ་གར་གྱི་ཆོས་ལུགས་རིས་མེད་ཀྱི་དབུ་ཁྲིད་རྣམ་པའི་བགྲོ་གླེང་ལྷན་ཚོགས་ཐོག་བཀའ་སྩལ་གནང་མཛད་འདུག
ཡང་༧གོང་ས་མཆོག་གིས་བསམ་ཡུལ་ལས་འདས་པ་ཞིག་ལ་ཆོས་ནི་རྩོད་རྙོག་གི་བྱུང་ཁུངས་ལྟ་བུ་ཆགས་ཡོད། དཔེར་ན། དེང་སྐབས་ས་གནས་མང་པོའི་ནང་ཁ་ཆེའི་Sunniདང་Shia་གཉིས་ཆོས་བརྒྱུད་གཅིག་པ་ཡིན་རུང་ཡིད་ཆེས་མི་འདྲ་བར་བརྟེན་ནས་གདོང་ཐུག་བྱེད་མུས་ཡིན་པ་དང་། དེ་འདྲ་རྒྱ་གར་ནང་མེད་སྐོར་དང་རྒྱ་གར་གྱི་གནའ་སྔ་མོའི་རིག་གནས་དེ་དག་དེང་གི་དུས་སུ་ཡང་འབྲེལ་བ་ཡོད་སྟབས་༧གང་ཉིད་ནས་རྒྱ་གར་གྱི་གནའ་བོའི་རིག་གནས་ཉམས་པ་སླར་གསོ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ་རྒྱ་གར་ནི་རང་གི་གནའ་བོའི་རིག་གནས་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཟུང་འབྲེལ་བྱེད་ཐུབ་མཁན་རྒྱལ་ཁབ་གཅིག་པུ་དེ་ཡིན་པའི་ཆ་འཇོག་གནང་གི་ཡོད་ལ་དེ་ལྟར་བྱེད་ཐུབ་ཚེ་འཛམ་གླིང་འདིའི་ནང་འགྲོ་བ་མིའི་རིགས་ཐེར་འབུམ་༧་ཡོད་པ་རྣམས་ཀྱི་བདེ་དོན་ཆེད་གལ་གནད་ཆེ་བའི་ལེགས་སྐྱེས་ཕུལ་ཐུབ་རྒྱུ་ཡིན་སྐོར་བཀའ་སྩལ་འདུག
ཡང་དེ་དུས་རྒྱ་གར་གྱི་ཧིན་རྡུའི་བླ་མ་གྲགས་ཅན་དང་རྩ་རླུང་སྒོམ་གྲུབ་པ་གྲགས་ཅན་Swami་Ramdev་ཡིས་༧གོང་ས་མཆོག་གི་ཞབས་སྤྱི་བོར་བླངས་ནས་གུས་བརྩི་ཆེན་པོ་ཞུས་པ་དང་། ༧གོང་ས་མཆོག་ནས་ཀྱང་Ramdevཡི་ཨོག་ཚོམ་ལ་འཇུས་གནང་སྟེ་ཁོང་༧གང་ཉིད་ཀྱི་རྒྱུན་རིང་གྲོགས་པོ་ཞིག་ཡིན་སྐོར་བཀའ་གནང་འདུག ལྷན་ཚོགས་དེའི་ཐོག་རྒྱ་གར་ནང་གི་ཆོས་ལུགས་རིས་མེད་མང་པོའི་དབུ་ཁྲིད་བླ་ཆེན་རྣམས་ཆེད་ཕེབས་གནང་བ་མ་ཟད། རྒྱ་གར་དབུས་གཞུང་གི་བློན་ཆེན་Dr.Harsh་Vardhan་མཆོག་དང་གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་Vivek་Oberoi་སོགས་ཆེས་མཐོའི་མི་སྣ་མང་པོ་ཆེད་ཕེབས་གནང་བ་རྣམས་༧གོང་ས་མཆོག་གི་ལྷན་དུ་ཉིན་དགུང་འཇགས་སྨིན་ལྷན་བཞེས་ཀྱང་གནང་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།