ཨ་ཡར་ལེནྜ་དུ་ཞབས་སོར་འཁོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སི་ཁུལ་གྱི་མཛད་འཕྲིན་རྒྱལ་ཁའི་ངང་གྲུབ་ནས་ཁ་སང་ཕྱི་ཚེས་༡༧ཉིན་བྱང་Irelandགྱི་Derryགྲོང་ཁྱེར་དུ་༸ཞབས་སོར་བདེ་བར་འཁོད་འདུག
-
2013-04-18 -
-
-
༄༅། །སྐུ་ཞབས་རི་ཆ་ཌི་མོར་ (Richard Moore)མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྱང་ཕྱོགས་ ཨ་ཡར་ལེནྜ་(Northern Ireland)ནང་ཆིབས་བསྒྱུར་གྱིས་གྲོང་ཁྱེར་ཌེ་རིའི་གནམ་ཐང་དུ་ ༸ཞབས་སོར་བདེ་བར་འཁོད་སྐབས། སྐུ་ཞབས་རི་ཆ་ཌི་མོར་ (Richard Moore) མཆོག་གིས་གཙོས་འབྲེལ་ཡོད་མི་སྣ་ཁག་གིས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་འདུག
སྐབས་དེར་ Derry གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཀེ་ཝིན་ཀེམ་བྷེལ་ (Kevin Campbell) མཆོག་གིས་མཛའ་བརྩེའི་མཚོན་རྟགས་ཤིག་ཕྱག་རྟགས་སུ་འབུལ་ལམ་ཞུས་ཏེ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པས་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུའི་བླ་ཆེན་ཁག་གཅིག དེ་བཞིན་སྐུ་ཞབས་རི་ཆ་ཌི་མོར་བཅས་ཀྱིས་ཞི་བདེའི་ཟམ་པའི་ཐོག་ཆིབས་བསྒྱུར་བསྐྱང་སྟེ། ཞི་བདེའི་ཟམ་པ་དབུ་འབྱེད་མཛད་ཡོད་པ་རེད། ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་བྱམས་བརྩེའི་རིག་གཞུང་ཞེས་པའི་བརྗོད་གཞིའི་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་ནས་གཙོ་བོ་ཕྱིའི་ལུས་པོ་བདེ་ཐང་ཡོང་རྒྱུའི་ཆེད་ནང་སེམས་ཀྱི་ཞི་བདེ་དེ་གལ་ཆེན་པོ་ཡིན་སྐོར་དང་། དཀའ་ངལ་ཁག་ཕན་ཚུན་གཉིས་སྨན་གྱི་ཐོག་ནས་སེལ་ཐབས་བྱེད་དགོས་སྐོར་སོགས་ལམ་སྟོན་བཀའ་གནང་ཡོད་པ་རེད།