ཨི་ཊ་ལིའི་མཛད་འཕྲིན་དབུ་འཛུགས།
༧གོང་ས་མཆོག་ནས་ཁ་སང་མུ་ནིཀ་ཁུལ་དུ་བསྐྱངས་པའི་ཁྱུག་ཙམ་ཀྱི་མཛད་འཕྲིན་གྲུབ་ནས་ལྷོ་ཊེ་རོལ་ཁུལ་དུ་ཞབས་སོར་འཁོད་འདུག
-
2013-04-10 -
-
-
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཁ་སང་ཕྱི་ཚེས་༩ ཉིན་ Italy མངའ་འོག་གི་རང་སྐྱོང་ས་ཁུལ་ལྷོ་ཊེ་རོལ་དུ་ཆིབས་བསྒྱུར་བསྐྱངས་པའི་ཕེབས་ལམ་དུ་Germany ཡི་གྲོང་ཁྱེར་Munich གནམ་ཐང་དུ་ཁྱུག་ཙམ་བཞུགས་བཞག་གནང་ཡོད་པ་རེད། སྐབས་དེར་རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་འཐུས་མིས་ཕེབས་བསུ་ཞུས་པས་མ་ཟད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་པའི་སློབ་ཕྲུག་ཚོའི་ཤེས་ཡོན་དང་བོད་པའི་རྒན་གསོ་ཁང་ལ་དུས་ཡུན་རིང་པོ་ནས་དཔལ་འབྱོར་གྱི་རོགས་རམ་གནང་མཁན་དགུང་གྲངས་༩༣ ཕེབས་པའི་ལྕམ་Wager མཇལ་འཕྲད་གནང་བའི་ཁར་༧གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་ལྕམ་Wager ཡི་ཕྱག་ནས་འཇུས་གནང་མཛད་དེ། ཁྱེད་ནས་ད་བར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་པའི་སློབ་ཕྲུག་ཁྲི་གཉིས་ལྷག་གི་ཤེས་ཡོན་ཐོག་ལ་དཔལ་འབྱོར་གྱི་རོགས་རམ་གནང་ཡོད་སྐོར་བཀའ་གནང་སྟེ་ཁོང་གི་ཕྱག་ལས་ལ་བསྔགས་བརྗོད་དང༌། ཐུགས་རྗེ་ཆེ་ཞེས་བཀའ་གནང་ཡོད་པ་རེད། དེ་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་མཛད་འཆར་སྔོན་སྒྲིག་གནང་བ་གཞིར་བཟུང་ཨི་ཊ་ལིའི་ལྷོ་ཊེ་རོལ་ཁུལ་དུ་ཞབས་སོར་བཀའ་དྲིན་བསྐྱངས་ཡོད་པ་རེད། ༧གོང་ས་མཆོག་ལྷོ་ཊེ་རོལ་གྱི་བོལ་ཛ་ནོ་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཡུལ་དེའི་གནས་ཡོད་མི་སྣ་དང་ས་གནས་བོད་མི་བཅས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་ཡོད་པ་རེད། །