ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་བ་དང་སྒྱུ་རྩལ་བ་ཁག་ཅིག་༧གོང་ས་མཆོག་ལ་མཇལ་ཁ་ཞུས་འདུག
སྤྱི་ནོར་༧གོང་ས་མཆོག་གིས་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ལ་མཇལ་ཁ་བསྩལ་བ་དང་ཁོང་ཚོས་རང་ནུས་གང་ཡོད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་བྱ་འདུན་ཡོད་པ་གསུངས་བྱུང་།
- 2023-07-05
-
-
-
Your browser doesn’t support HTML5 audio
བོད་དོན་རྒྱབ་སྐྱོར་བ་དང་ཉི་ཧོང་གི་བུད་མེད་རོལ་མོ་བ་བགྲེས་སོང་མེ་ཡུ་ཀེ་ལགས་ནས། མོ་རང་གི་རོལ་མོའི་སློབ་ཕྲུག་ཉི་ཧོང་རྒྱལ་ཁབ་ཀྱི་སེར་སྐྱ་ཕོ་མོ་༡༩བཞུགས་སྒར་དུ་ཁྲིད་ཡོང་ནས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་ལ་རོལ་དབྱངས་འཁྲབ་སྟོན་གཟིགས་འབུལ་ཞུ་འཆར་ཡོད་པ་དང་། ཁོང་ཚོར་བཞུགས་སྒར་ཕོ་བྲང་དུ་སྤྱི་ཟླ་༧པའི་ཚེས་༥ཉིན་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་མཇལ་ཁ་བསྩལ་ཡོད་པ་རེད།
མཇལ་བཅར་པ་ཉི་ཧོང་གི་དགེ་སློང་ཧི་ཀ་ཤེ་ལགས་ནས། སྤྱིར་མི་སོ་སོར་ཁྱད་ལས་དང་བསམ་ཚུལ་མི་འདྲ་བ་ཡོད་ནའང་། ཉི་ཧོང་གི་སྤྱི་ཚོགས་སུ་དེང་སང་རྒན་གཞོན་བར་གསུམ་ཚང་མར་དྲ་རྒྱ་ལ་དོ་སྣང་ཆེན་པོ་ཡོད་པར་བརྟེན། ང་རང་གིས་བསམ་ན་སོ་སོས་གང་ཐུབ་ཅི་ཐུབ་ཀྱིས་དྲ་རྒྱའི་བརྒྱུད་ལམ་ལ་བརྟེན་ནས་བོད་དོན་གོ་རྟོགས་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་མ་ཟད། གཞན་ཕན་གྱི་བྱ་བ་བསྒྲུབ་པར་ཐོག་མར་རང་ཉིད་ལ་སེམས་བཟང་པོ་དགོས་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པས། ༧གོང་ས་མཆོག་གི་དགོངས་གཞི་དང་ལམ་སྟོན་ཕེབས་པའི་བྱམས་བརྩེའི་ཉམས་ལེན་བྱ་རྒྱུར་དམ་བཅའ་བརྟན་པོ་བཞག་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཉི་ཧོང་གི་བུད་མེད་བསྐུ་མཉེ་ཆེད་ལས་པ་དང་ཡུན་རིང་བོད་དོན་རྒྱབ་སྐྱོར་གྱི་ཚུལ་དུ། བོད་ཁྱིམ་སློབ་ཕྲུག་ཁག་ཅིག་ལ་སྦྱིན་བདག་དང་རོགས་རམ་གནང་མཁན་ཨེ་གྷ་ཝ་སེང་ལགས་ནས་ཀྱང་། མོ་རང་བསྐུ་མཉེ་གསོ་རིག་གི་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས། ༧གོང་ས་མཆོག་ལ་སྐབས་རེར་ཞབས་པུས་ཅུང་ཟད་རེ་བདེ་མིན་ཡོད་པར། མཇལ་ཁ་དང་འབྲེལ་ཏེ་ཞབས་པུས་ལ་བསྐུ་མཉེ་ཅུང་ཟད་རེ་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་སྤྲོ་འཕེལ་བ་དང་། ད་བར་བོད་ཁྱིམ་སློབ་ཕྲུག་ཁག་ཅིག་ལ་སློབ་ཡོན་ཕུལ་བ་དང་། བོད་ཁྱིམ་སློབ་ཕྲུག་ཚོར་བསྐུ་མཉེ་བསླབ་པ་དང་རྒན་གསོ་ཁང་གི་བོད་མི་བགྲེས་སོང་ཚོར་བསྐུ་མཉེ་གནང་བ་བཅས། སོ་སོའི་ཆེད་ལས་དང་འབྲེལ་ནས་བོད་དོན་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཅི་ནུས་བསྒྲུབས་པ་བཞིན། འབྱུང་འགྱུར་ཀྱང་འབད་བརྩོན་གང་ཐུབ་གནང་ངེས་ཡིན་པ་འགྲེལ་བརྗོད་གནང་སོང་།
ཉི་ཧོང་རྒྱལ་ཁབ་ནི་འཛམ་གླིང་ཁྱོན་དུ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་མང་ཤོས་དེ་ཡིན་པ་མ་ཟད། ལྷག་པར་འདི་ལོ་སྤྱི་ཟླ་༢པའི་ཚེས་༡༢ཉིན་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅུ་མཉམ་རུབ་ཀྱིས། འབྱུང་འགྱུར་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱེད་མི་ཆོག་པ་དང་། དམིགས་བསལ་༧གོང་ས་མཆོག་གི་ཡང་སྲིད་ལ་ཐེ་ཇུས་བྱས་ཚེ་དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་སོགས། གྲོས་ཆོད་དོན་ཚན་ལྔ་བཞག་ཐུབ་ཡོད་ཁར། གྲོས་ཆོད་ཀྱི་ནང་དོན་ལག་བསྟར་ཐུབ་ཆེད་ཉི་ཧོང་གཞུང་ལ་སྐུལ་འདེད་ཤུགས་ཆེ་གནང་གི་ཡོད་ཅིང་། བཞུགས་སྒར་དུ་ཆེད་བཅར་ཉི་ཧོང་བ་༡༩ཡོད་པ་ལས་རོལ་མོ་སྒྱུ་རྩལ་པ་བརྒྱད་ནས། ཉི་ཧོང་གི་སྲོལ་རྒྱུན་རོལ་དབྱངས་ཤིག་༧གོང་ས་མཆོག་ལ་དད་གུས་མཚོན་ཆེད་སྐུའི་འཁྲུངས་སྐར་གྱི་ཉིན་མོར་ཆེད་དུ་གཟིགས་འབུལ་གནང་འཆར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།