༧གོང་ས་མཆོག་གིས་ལྡི་ལི་དང་རྡེ་ར་ལྡུན་སོཊ་སུ་མཛད་འཆར་སྐྱོང་རྒྱུ།

༧གོང་ས་མཆོག་གིས་རྒྱ་གར་ལྡི་ལི་དང་རྡེ་ར་ལྡུན་སོགས་ཀྱི་ནང་མཛད་འཆར་སྐྱོང་ཆེད་བཞུགས་སྒར་ནས་ཆིབས་ཐོན་གནང་འདུག

༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གནང་བཞིན་པ། ༢༠༡༦།༤།༤ བསྟན་འཛིན་དོན་ཡོད། /RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་Dehradun་ཁུལ་དུ་མཛད་འཕྲིན་སྐྱོང་ཆེད་དེ་རིང་ཕྱི་ཚེས་༤་ཉིན་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་མཛད་ཡོད་པ་དང་། སྐབས་དེར་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་བསྣམས་ནས་༧གོང་ས་མཆོག་ལ་ཕེབས་སྐྱེལ་ཞུས་འདུག།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེངས་འདིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཤེས་ཡོན་བསྟི་གནས་ཁང་སོགས་སུ་ཆིབས་སྒྱུར་གྱིས་གཙུག་ལག་སློབ་དཔོན་དང་། ཚན་རིག་པ་སོགས་དང་ལྷན་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་ཚན་གཏན་འབེབས་གནང་ཕྱོགས་སྐོར་དང་། བཟང་སྤྱོད་གོང་སྤེལ། བྱམས་བརྩེའི་རིན་ཐང་སོགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་མ་ཟད། ཕྱི་ཚེས་༦ཉིན་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་མངའ་སྡེའི་རྒྱལ་ས་རྡེ་ར་ལྡུན་དུ་(Vana Retreat Centre)ཞེས་པ་གསར་བཞེངས་ལེགས་གྲུབ་བྱུང་བ་དེ་དག་དབུ་འབྱེད་རབ་གནས་བཀའ་དྲིན་ཆེ་གནང་མཛད་རྒྱུ་ཡིན་པ་རེད།
དེ་རྗེས་སླར་ཡང་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཏེ། ཨ་རིའི་གཞུང་ཚབ་ཁང་གི་སློབ་གྲྭ་དང་། (Springdales)སློབ་གྲྭ། དེ་བཞིན་ལྡི་ལིའི་རྒྱ་གར་འཕྲུལ་རིག་སློབ་གཉེར་ཁང་ IIT Delhiདང་། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་བཅས་ཀྱི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར། བཟང་སྤྱོད་དང་བདེ་སྐྱིད་སོགས་ཀྱི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་ཀྱི་འདུག།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org