༧གོང་ས་མཆོག་ནང་པའི་ལྷན་ཚོཊ་སུ་ཞབས་སོར་འཁོད་རྒྱུ་ཡིན་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནཱ་ལེནྡྲའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཆེད་ཞབས་སོར་འཁོད་གནང་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཕེབས་བཞིན་པ། ༢༠༡༧།༣།༡༤ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༣ ཚེས་ ༡༦ སྔ་ཐོག་བཞུགས་སྒར་རྡ་རམ་ས་ལ་ནས་ཆིབས་ཐོན་གྱིས་རྒྱལ་པོའི་ཁབ་བམ་རཇ་གྷིར་དུ་སང་ཉིན་ཕྱི་ཚེས་ ༡༧ ཉིན་ནས་ཚོགས་རྒྱུའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་སུ་ཞབས་སོར་འཁོད་གནང་མཛད་འདུག
རྒྱལ་པོའི་ཁབ་ནི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་གསུངས་ཡུལ་བྱ་རྒོད་ཕུང་པོ་རི་ཆགས་ཡུལ་རྒྱལ་པོའི་ཁབ་བམ་ཧིན་སྐད་དུ་རཇ་གྷིར་ཞེས་པའི་གནས་དེ་ཡིན་པ་རེད།
ནང་ཆོས་དང་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་དོན་གྱི་འབྲེལ་བ་ཞེས་པའི་རྒྱལ་སྤྱིའི་ནང་པའི་དབུ་ཁྲིད་དང་སྐུ་ཚབ་ཁག་གི་ཚོགས་ཆེན་འདི་ནི་རྒྱ་གར་དབུས་གཞུང་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་འདུའི་དབུ་འབྱེད་སྐབས་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག་ཅིང་། ལྷན་ཚོགས་དེའི་ཐོག་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་མང་དག་ཞིག་ཀྱང་ལྷན་ཞུགས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱལ་པོའི་ཁབ་ནས་ཕེབས་ཐོན་གྱིས་གྲོང་ཁྱེར་གྷ་ཡ་(Gaya) བརྒྱུད་རྒྱ་གར་གྱི་མངའ་སྡེ་ (Madhya Pradesh) ཡི་གྲོང་ཁྱེར་ (Bhopal) རུ་ཞབས་སོར་འཁོད་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ (Bhopal) གྲོང་ཁྱེར་ནས་ (Narmada) གཙང་པོ་རྒྱུགས་ཡུལ་གྱོ་གྲོང་ཁྱེར་ (Biljalgon) ཞེས་པའི་ས་གནས་སུ་ཆིབས་བསྒྱུར་གྱིས། ཁུལ་དེའི་ནང་ (Narmada Seva Yatra) ཅེས་ཁོར་ཡུག་གཙང་སེལ་གྱི་ལས་དོན་སྤྱི་དང་། ལྷག་པར་དུ་ (Narmada) གཙང་པོ་གཙང་སེལ་དང་བདག་གཅེས་སྲུང་སྐྱོབ་བྱ་མཁན་གྱི་ཚོགས་པ་དེས་གོ་སྒྲིག་ཞུས་པའི་མཛད་སྒོ་ཞིག་གི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་འདུག་ཅིང་། སྐབས་དེར་ (Madhya Pradesh) ཡི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ (Shri Shivraj Singh Chouhan) མཆོག་ཀྱང་ཆེད་ཕེབས་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༩ ཉིན་མངའ་སྡེའི་གྲོས་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཁང་ནང་། བདེ་སྐྱིད་ཀྱི་སྒྱུ་རྩལ་ཅེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༠ ཉིན་བྷོ་པཱལ་གྲོང་ཁྱེར་ནས་རྒྱ་གར་གྱི་གྲོང་ཁྱེར་ཨག་རའི་ཉེ་འགྲམ་དུ་ཆགས་པ་ (Mathura) ར་ཞབས་སོར་འཁོད་གནང་མཛད་རྒྱུ་ཡིན་འདུག་ཅིང་། ས་གནས་དེར་ཡོད་པའི་ Sri Udasin Karshni Ashram ཞེས་པ་རྒྱ་གར་གྱི་ཧིན་རྡུའི་ཆོས་ཚོགས་ཤིག་ཏུ་ཆིབས་བསྒྱུར་གྱིས། ཧིན་རྡུའི་བླ་ཆེན་ Swami Karshni Gurusharanandaji Maharaja ལྷན་ཉིན་གུང་ལྗགས་སྨིན་ལྷན་བཞེས་ཐོག། ཆོས་ཚོགས་དེའི་ནང་ཚོགས་རྒྱུའི་མཛད་སྒོའི་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།
ཕྱི་ཚེས་ ༢༡ ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་འདུག

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org