བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་རེད།

༧གོང་ས་མཆོག་འཆར་ཅན་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཨ་རིའི་མ་ཡོ་སྨན་ཁང་དུ་ཞབས་སོར་བདེ་བར་འཁོད་གནང་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཨ་རིའི་མེ་ནིས་སོ་ཊར་ཞབས་སོར་འཁོད་སྐབས། ༢༠༡༧།༦།༡༣ Phuntsok

༧གོང་ས་མཆོག་འཆར་ཅན་སྐུ་གཟུགས་བརྟག་དཔྱད་ཆེད་ཨ་རིའི་མ་ཡོ་སྨན་ཁང་དུ་ཞབས་སོར་བདེ་བར་འཁོད་གནང་འདུག
དེ་ཡང་འདི་ཟླའི་སྤྱི་ཚེས་༡༣ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མེ་ནིས་སོ་ཊ་མངའ་སྡེའི་གྲོང་ཁྱེར་རོ་ཆེ་སི་ཊར་( Rochester )ནང་རྟེན་གཞི་བྱས་པའི་མ་ཡོ་སྨན་ཁང་( Mayo Clinic)དུ་ལོ་རེ་བཞིན་སྐུ་གཟུགས་ཐད་བརྟག་དཔྱད་ཞུ་སྲོལ་ཡོད་པ་ལྟར། ༧གོང་ས་མཆོག་སྨན་ཁང་དེར་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་ཁུལ་དེའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། མ་ཡོ་སྨན་ཁང་གི་འབྲེལ་ཡོད་སྐུ་ཚབ་འཐུས་མི། དེ་བཞིན་སྨན་ཁང་གི་སྐུའི་ཕྱི་ལུགས་སྨན་པ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། དེ་ནས་སྨན་ཁང་དུ་ཆིབས་སྒྱུར་སྐྱོང་སྐབས་བོད་མི་སེར་སྐྱ་རྒན་གཞོན་མི་གྲངས་༢༠༠་ཙམ་གྱིས་སྲོལ་རྒྱུན་ལྟར་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་༧གོང་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་མཛད་པ་དང་། སྨན་ཁང་ནང་དུ་ཆིབས་སྒྱུར་བསྐྱངས་སྐབས་ནད་པ་ཁག་ཅིག་དང་མཇལ་ནས་ནད་པ་དེ་དག་ལ་ཐུགས་བརྩེ་བ་ཆེན་པོས་ནད་གཞིའི་སྐོར་བཀའ་འདྲི་མཛད་པ་མ་ཟད། སྤང་བླངས་འཇུག་ལྡོག་ཚུལ་བཞིན་བསྐྱང་དགོས་པའི་ལམ་སྟོན་སོགས་མཛད་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་མཆོག་མ་ཡོ་སྨན་ཁང་དུ་ཉིན་གཉིས་རིང་བཞུགས་ནས་སྐུ་གཟུགས་འཕྲོད་བསྟེན་ཐད་སྨན་པས་བརྟག་དཔྱད་གནང་རྒྱུ་ཡིན་པ་ལྟར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་དོན། ༧གོང་ས་མཆོག་གི་སྐུ་གཟུགས་ཧ་ཅང་བདེ་ཐང་རེད། ད་ཐེངས་སྐུ་གཟུགས་བརྟག་དཔྱད་འདི་རྒྱུན་ལྡན་གྱི་འགྲོ་སྟངས་ལྟར་ལོ་གཅིག་ལ་ཐེངས་གཅིག་གི་སྐུ་གཟུགས་འཕྲོད་བསྟེན་གྱི་བརྟག་དཔྱད་ཡིན་པས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚང་མས་སེམས་བདེ་མོ་བྱས་ཆོག་ཅེས་གསུངས་བྱུང་།
སྤྱི་ཚེས་༡༥ཉིན་༧གོང་མ་མཆོག་ཨ་རིའི་ནུབ་ཕྱོགས་ཁ་ལི་ཧྥོ་ནི་ཡའི་ནང་ཆིབས་བསྒྱུར་གནང་སྟེ། སྤྱི་ཚེས་༡༦ཉིན་སེན་ཌི་ཡ་གྷོའི་ (San Diego, California )མཐོ་སློབ་ཏུ་མཐར་ཕྱིན་སློབ་མའི་མཛད་སྒོར་ཇི་ལྟར་གསོལ་འདེབས་ཞུས་བ་བཞིན། ང་ཚོས་མཛེས་སྡུག་ལྡན་པའི་སྣ་མང་ཅན་གྱི་འཇིག་རྟེན་འདི་བརྩེ་བས་བསྐྱངས་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གསུང་བཤད་སྩོལ་རྒྱུ་དང་། སྐབས་དེར་མི་གྲངས་ཁྲི་གཉིས་དང་ལྔ་སྟོང་ལྷག་མཛད་སྒོ་དེར་ཞུགས་རྒྱུའི་ཚོད་དཔག་བྱེད་བཞིན་འདུག

གསར་འགོད་པ་ལྕགས་མོ་འཚོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org