སོ་སོའི་ཡབ་མེས་ནས་བྱུང་བའི་རིག་གཞུང་མི་འདྲ་བ་ཡོད་པ་དེ་དག་ལ་འགྲོ་བ་མིའི་ཐེར་འབུམ་༨ལྷག་ཡོད་པ་ཚང་མས་བརྩི་བཀུར་བྱེད་དགོས་ཅེས་བཀའ་སྩལ་བ།

ཕྷི་རིན་སི་རྒྱལ་ཁབ་ཏུ་རྟེན་གཞི་བྱས་པའི་(Be The Love You Want to See In The World)ཁྱེད་ཉིད་འཛམ་གླིང་ནང་འབུར་ཐོན་ཡོང་དགོས་ན་བརྩེ་བ་སྦྱིན་ཞེས་པའི་བྱམས་བརྩེ་གོང་སྤེལ་དང་འབྲེལ་བའི་ཚོགས་པས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༥ ཚེས་༦ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཚོགས་པ་དེ་ཉིད་ཀྱིས་གོ་སྒྲིག་འོག ཡུ་རོབ་དང་མེག་སི་ཀོ།(Mexico) དང་། པེ་རུ་(Peru) གོ་ཀྲ་མ་ལ་(Guatemala) དེ་བཞིན་ནུབ་ཨ་ཕྷི་རི་ཀའི་ནང་ཆགས་པའི་(Benin)རྒྱལ་ཁབ་སོགས་ནས་ཕེབས་པའི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་དང་། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ། སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་སོགས་མི་གྲངས་༢༥ ལ་༸གོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་སྩལ་ནས། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བསྐྲུན་དགོས་པའི་གལ་གནད་དང་། གོ་མཚོན་མེད་པའི་ཞི་བདེའི་སྤྱི་ཚོགས་ཤིག་བསྐྲུན་དགོས་པའི་གལ་གནད་སོགས་ཀྱི་ཐོག་བཀའ་སློབ་སྩལ་འདུག
དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེ་སྔོན་ངོས། ཡོ་རུབ་དང་ཨ་ཕྷི་རི་ཀ དེ་བཞིན་(Latin America)སོགས་ནང་བསྐྱོད་པའི་སྐབས། འགྲོ་བ་མི་ཚང་མ་གཅིག་མཚུངས་ཡིན་པ་རྟག་ཏུ་ཚོར་གྱི་ཡོད། སྐད་ཡིག་མི་འདྲ་བ་དང་རིག་གཞུང་མི་འདྲ་བ་སོགས་སྣ་ཚོགས་ཤིག་ཡོད་ཀྱང་། གཞི་རྩའི་ཆ་ནས་ང་ཚོ་གཅིག་མཚུངས་ཡིན་ཞེས་དང་། རང་དབང་ནི་གཞི་རྩའི་ཐོབ་ཐང་ཡིན་པས། གོ་མཚོན་བེད་སྤྱོད་མེད་པའི་སྒོ་ནས་ཁྱེད་ཚོས་ངེས་པར་དུ་སོ་སོའི་རང་དབང་ཆེད་དུ་འཐབ་རྩོད་བྱེད་དགོས་ཅེས་དང་། སོ་སོའི་ཡབ་མེས་ནས་བྱུང་བའི་རིག་གཞུང་མི་འདྲ་བ་ཡོད་པ་དེ་དག་ལ་འགྲོ་བ་མིའི་ཐེར་འབུམ་༨ ལྷག་ཡོད་པ་ཚང་མས་བརྩི་བཀུར་བྱེད་དགོས་གལ་ཆེ་ཞེས་བཀའ་གནང་འདུག
གོང་ཞུས་ཚོགས་པ་དེའི་ཚོགས་གཙོ་ལྕམ་(Sofia Stril-Rever)ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གཞིར་བཞག་གིས་ད་བར་དཔེ་དེབ་༤ ལྗགས་རྩོམ་གནང་འདུག་པའི་ཁྲོད། དཔེ་དེབ་གསར་ཤོས་ནི་བྱམས་བརྩེའི་གསར་བརྗེ་(A call for revolution)ཞེས་པའི་དཔེ་དེབ་དེ་ཡིན་འདུག་ཅིང་། མཇལ་ཁ་གྲུབ་མཚམས་སུ་ཁོང་མོས་ད་རེས་མཇལ་ཁ་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་དོན། སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སྟོན་འོག་ལོ་ལྟར་ང་ཚོས་(Better We, Better World)ཞེས་སོ་སོའི་གནས་སྟངས་ཇེ་ལེགས་སུ་བཏང་བ་དང་ཆབས་ཅིག་འཛམ་གླིང་གི་གནས་སྟངས་ཡང་ཇེ་བཟང་དུ་འགྲོ་བ་ཞེས་པའི་བརྗོད་གཞིའི་ཐོག་རིག་གཞུང་འདྲ་མིན་དང་ཆོས་ལུགས་འདྲ་མིན་གྱི་མི་སྣ་ལྷན་དུ་གོ་བསྡུར་དང་བགྲོ་གླེང་གནང་གི་ཡོད་ཅེས་དང་། ལས་འགུལ་དེའི་ནང་མཉམ་བཞུགས་གནང་མཁན་ཚོས་༸གོང་ས་མཆོག་ནི་གོ་ལ་གཅིག་གྱུར་གནང་མཁན་གྱི་དབུ་ཁྲིད་དེ་ཡིན་པ་མ་ཟད། ཆོས་ལུགས་འཆམ་མཐུན་གྱི་ཟམ་པ་ལྟ་བུ་དེ་ཡིན་པ་ངོས་འཛིན་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
འཛམ་གླིང་ནང་ད་བར་གསར་བརྗེ་མང་དག་ཅིག་བྱུང་བ་དེ་དག་འཚེ་བ་དང་ཁོང་ཁྲོའི་ཐོག་ནས་བྱུང་བ་ཞིག་ཡིན་པས། ༸གོང་ས་མཆོག་གིས་འཇིག་རྟེན་ཁྱོན་ཡོངས་ལ་བདེ་སྐྱིད་ཡོང་བར་གསར་བརྗེ་ཞིག་དགོས་གལ་ཆེ་བར་གཟིགས་ཏེ། མ་འོངས་པའི་གསར་བརྗེ་དེ་ནི་སྙིང་རྗེ་དང་བྱམས་སེམས་བརྒྱུད་ནས་ཡོང་དགོས་པ་བཀའ་གནང་བ་བཞིན་རྩོམ་པ་པོ་ལྕམ་Sofia Stril-Rever ལགས་ཀྱིས། བྱམས་བརྩེའི་གསར་བརྗེ་(A call for revolution) ཞེས་པའི་དཔེ་དེབ་དེ་ལྗགས་རྩོམ་གནང་ཡོད་འདུག
ཡང་ནུབ་ཨ་ཕྷི་རི་ཀའི་ནང་ཆགས་པའི་(Benin)རྒྱལ་ཁབ་ནས་ཡིན་པའི་(Usoyou Apolnyi)ལགས་ཀྱིས། ༸གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་བར་ཐེངས་དང་པོ་ཡིན་པས། བརྗོད་པ་དཀའ་བའི་ངོ་མཚར་ཅན་གྱི་ཚོར་བ་ཞིག་བྱུང་ལ། མཇལ་ཁའི་སྐབས་༸གོང་ས་མཆོག་གིས། ཞི་བདེ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་དགོས་པའི་སྐོར་བློ་སྟོབས་འཕེལ་བའི་བཀའ་སློབ་ལམ་སྟོན་ཕེབས་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་(Peru)རྒྱལ་ཁབ་ནས་ཡིན་པའི་(Wuanka)ལགས་ཀྱིས། བོད་མིའི་འཐབ་རྩོད་ལ་ང་ཚོས་རྒྱབ་སྐྱོར་ཡོད་ལ། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་འཚེ་མེད་ཞི་བའི་ལྟ་གྲུབ་དང་ལམ་སྟོན་འོག་ལ་བོད་མིའི་འཐབ་རྩོད་དེ་ནུས་ཤུགས་ལྡན་པ་ཞིག་ཡོད་པ་དེ་ནི་། ཞི་བདེ་དང་བྱམས་བརྩེའི་ནུས་སྟོབས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་མེག་སི་ཀོ་རྒྱལ་ཁབ་ནས་ཡིན་པའི་སྐུ་ཞབས་(Mandakini)ལགས་ཀྱིས། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་ང་ཚོས་དམིགས་བསལ་གུས་བརྩི་དང་ཆེས་མཐོང་བྱེད་ཀྱི་ཡོད། རྒྱུ་མཚན་ནི། བོད་བརྒྱུད་ནང་བསྟན་ནི་འཛམ་གླིང་ཞི་བདེ་དང་འབྲེལ་བ་ཡོད་ཅེས་དང་། ད་རེས་ངས་ང་ཚོའི་མི་མང་གི་ཚབ་ཞུས་ཏེ་རྡ་རམ་ས་ལར་ཡོང་ནས། ༸གོང་ས་མཆོག་གི་སྦྱན་རླབས་དང་མཇལ་ཁ་ཐོབ་པ་ནི་ངའི་མི་ཚེའི་ནང་བསམ་དོན་ཆེན་པོ་ཞིག་བསྒྲུབས་པའི་མྱོང་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནི་རྩོམ་པ་པོ་ལྕམ་(Sofia Stril-Rever)ལགས་ཀྱི་སློབ་སྟོན་པ་གཙོ་བོའི་གྲས་ཤིག་ཡིན་འདུག་ཅིང་། ད་རེས་མཇལ་ཁའི་སྐབས། སློབ་དཔོན་ཟམ་གདོང་རིན་པོ་ཆེ་ཡང་ལྷན་བཅར་ཞུས་འདུག གཞན་ཡང་ཚོགས་པ་དེ་ཉིད་ཀྱིས་གོ་སྒྲིག་འོག་སྤྱི་ཟླ་༥ པའི་ཚེས་༡ ནས་བཟུང་ཉིན་གྲངས་༥ ཡི་རིང་རྡ་སའི་ཆོས་ནོར་གསོལ་མགྲོན་ཁང་དུ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཀྱིས་(Better We, Better World)ཞེས་འགྲོ་བ་མིའི་བདེ་རྩ་དང་འབྲེལ་བརྗོད་གཞིའི་ཐོག་གོ་བསྡུར་དང་བགྲོ་གླེང་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།