སྐུ་ཚ་འཇིགས་མེད་ནོར་བུ་ལཌ་འཁོར་བགེགས་ཀྱིས་སྐུ་གཤེགས།

སྐུ་ཚ་འཇིགས་མེད་ནོར་བུ་ལགས་བོད་དོན་ཆེད་གོམ་བགྲོད་ཅིག་གནང་བཞིན་པའི་སྐབས་མོ་ཊ་ཞིག་གིས་རྡུང་སྟེ་སྐུ་ཚེ་མ་ཟིན་པའི་གནས་ཚུལ།

༄༅༎༧སྐུའི་གཅེན་པོ་འདས་པོ་སྟག་འཚེར་རིན་པོ་ཆེའི་སྲས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚ་འཇིགས་མེད་ནོར་བུ་ལགས་མེ་ལེ་གསུམ་བརྒྱའི་བོད་དོན་ཆེད་གོམ་བགྲོད་ཅིག་གནང་བཞིན་པའི་སྐབས་ ཁ་ས་གཟའ་ཟླ་བ་ཕྱི་ཟླ་༢ཚེས་༡༤དགོང་མོ་མོ་ཊ་ཆེ་གྲས་ཤིག་གིས་རྡུང་སྟེ་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་འདུག།

ཁོང་དང་ཕྱག་རོགས་ཚོགས་ཁག་ཅིག་ནས་ཨ་རིའི་ཕོལོ་རི་ཌ་མངའ་སྡེའི་བོད་དོན་དྲིལ་བསྒྲགས་ཆེད་མེ་ལེ་གསུམ་བརྒྱའི་རྒྱང་བསྐྱོད་ཅིག་གནང་བཞིན་ཡོད་པ་དང་ དྲིལ་བསྒྲགས་རྒྱང་བསྐྱོད་ཀྱི་ལས་འགུལ་དེ་ཕྱི་ཟླ་༢ཚེས་༢༦ཉིན་མཇུག་བསྒྲིལ་གནང་རྒྱུའི་འཆར་གཞི་ཡོད་པ་རེད།

དགུང་གྲངས་༤༥ལ་ཕེབས་པ་འཇིགས་མེད་ནོར་བུ་ལགས་ནས་ཕྱི་ཟླ་བཅུ་གཉིས་པའི་ནང་ཐེ་ལྦན་དུ་མེ་ལེ་གསུམ་བརྒྱའི་བོད་དོན་དྲིལ་བསྒྲགས་ཀྱི་རྒྱང་བསྐྱོད་ཅིག་ཀྱང་གནང་ཡོད་ལ་ ཨ་མི་རི་ཀའི་ནང་རྒྱང་བསྐྱོད་ཀྱི་ལས་འགུལ་མང་པོ་ཞིག་གི་སྣེ་འཁྲིད་ཀྱང་གནང་ཡོད་པ་རེད་  འདི་ནི་ཁོང་ནས་ཡབ་འདས་པོ་སྟག་འཚེར་རིན་པོ་ཆེའི་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་མང་དག་ཅིག་གནང་པའི་མཛད་པ་དེའི་མཇུག་སྐྱོང་གནང་པ་ཞིག་ཡིན་ལ་ ༧སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་དགུང་གྲངས་མཐོ་པོར་ཕེབས་པའི་སྐབས་སུ་ཡང་མེ་ལེ་བརྒྱ་ཕྲག་མང་པོའི་བོད་རང་བཙན་གྱི་གོམ་བགྲོད་ཀྱི་དབུ་འཁྲིད་གནང་སྟེ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་སེམས་ནང་སྐུལ་མ་ཆེན་པོ་ཞིག་ཐེབས་ཐུབ་པ་བྱུང་ཡོད་པར་མང་པོས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།

༧སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༠༨ལོ་སྟེ་དགུང་གྲངས་༨༦ཐོག་དགོངས་པ་རྫོགས་ཡོད་པ་རེད། སྲས་འཇིགས་མེད་ནོར་བུ་ལགས་ལ་ཕྲུ་གུ་གསུམ་ཡོད་པ་དང་ ཁོང་གི་ལྕམ་ཡང་ལིན་ཧོལྦང་ནི་ཐེ་ལྦན་གྱི་རྒྱ་རིགས་ཤིག་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org