བོད་དོན་གོམ་བགྲོད་ཕྱི་ཚེས་བཅོ་ལྔ་ཉིན་མཇུག་བསྒྲིལ་གནང་བ།

སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་བོད་དོན་ཆེད་མེ་ལེ་དགུ་བརྒྱ་ཐམ་པའི་གོམ་བགྲོད་མཇུག་སྒྲིལ།

༄༅༎སྐུའི་གཅེན་པོ་དམ་པ་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་བོད་དོན་ཆེད་ཨིན་ཌི་ཡ་ན་ནས་ནིའུ་ཡོག་བར་སྤྱི་ལེའམ་མེ་ལེ་དགུ་བརྒྱ་ཐམ་པའི་གོམ་བགྲོད་མཇུག་བསྒྲིལ་གནང་འདུག

འཇིགས་མེད་ནོར་བུ་ལགས་ཀྱིས་འདི་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་རང་ཉིད་དང་ཡབ་དམ་པ་སྟག་འཚེར་རིན་པོ་ཆེ་དམ་པ་དེ་ཉིད་བཞུགས་ཡུལ་ཨ་རིའི་ཡུལ་དབུས་ཀྱི་མངའ་སྡེ་ཨིན་ཌི་ཡ་ནའི་གྲོང་ཁྱེར་ཨིན་ཌི་ཡ་ན་པོ་སི་སེ་ནས་བོད་དོན་ཆེད་གོམ་བགྲོད་ཀྱི་ལས་འགུལ་འགོ་བཙུགས་ཀྱིས་ཟླ་བ་གཅིག་ལྷག་རིང་ཨོ་ཧའི་འོ་དང་ནུབ་ལྦར་ཇི་ནི་ཡ།རྒྱལ་ས་ལྦ་ཤིང་ཊོན་ཌི་སི།ཕི་ལ་ཌེལ་ཕི་ཡ་བཅས་མངའ་སྡེ་བཞི་བརྒྱུད་ཉིན་རེར་སྤྱི་ལེ་གསུམ་བཅུ་ཙམ་སྐུ་རྐྱང་ཆར་རླུང་དང་ཚ་དུབ་སོགས་སྐུ་ངལ་འཛེམས་མེད་ཀྱིས་བོད་རང་བཙན་གྱི་ཆེད་དུ་གོམ་བགྲོད་གནང་བ་རེད། འདི་ཚེས་བཅོ་བརྒྱད་ཉིན་ཨ་རིའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཆེན་མོ་ནིའུ་ཡོག་ཏུ་ཕྱག་རོགས་ཁ་ལོ་པ་བྱང་ཨ་རིའི་སྤྱི་འཐུས་ཟུར་བ་དབང་ཕྱུག་རྡོ་རྗེ་ལགས་ཀྱི་ལྷན་དུ་བདེ་འབྱོར་གྱིས་ས་གནས་ཀྱི་བོད་མི་ཚོས་སྣེ་ལེན་དང་རྒྱ་ནག་གི་གཞུང་ཚབ་ཀྱི་མདུན་དུ་སྐད་འབོད་ཁྲོམ་སྐོར་ནང་མཉམ་བཞུགས་གནང་འདུག གོམ་བགྲོད་གནང་དགོས་ནི་ཡབ་དམ་པ་སྟག་འཚེར་རིན་པོ་ཆེས་སྐུ་ཚེ་ཧྲིལ་པོའི་རིང་བོད་རང་བཙན་བསྐྱར་གསོའི་ལས་འགུལ་ལྷུར་ལེན་གནང་ཡོད་པ་མ་བརྗེས་པར་བཀའ་དྲིན་རྗེས་དྲན་ཆེད་དང་གཙོ་བོ་བོད་ནང་གི་བོད་མི་ཚོར་རྒྱ་ནག་གི་གདུག་རྩུབ་མནར་གཅོད་མཚམས་འཇོག་ཡོང་བའི་ཆེད་དུ་ཡིན་ལུགས་གསུངས་གནང་འདུག གོམ་བགྲོད་རིང་ཨ་རིའི་ཡུལ་མི་ཚོས་བོད་མི་དང་བོད་ཀྱི་རྩ་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་གསལ་པོ་འདུག་པས་གལ་སྲིད་བོད་མི་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་དངོས་འབྲེལ་ལས་འགུལ་སྤེལ་བ་ཡིན་ན་བོད་ལ་རང་དབང་རང་བཙན་ངེས་པར་དུ་ཡོང་གི་རེད་ཅེས་འཇིགས་མེད་ནོར་བུ་ལགས་ཀྱིས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org