༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་སྲུང་བརྩི།

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༡འཁོར་བའི་དུས་ཆེན་བཞུགས་སྒར་གཙོས་ས་གནས་གང་སར་སྲུང་བརྩི་ཞུས་འདུག

སྤྱི་ནོར་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༡འཁོར་བའི་དུས་ཆེན་བཞུགས་སྒར་དུ་སྲུང་བརྩི། ༡༢།༡༠།༢༠ tibet.net

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༡འཁོར་བའི་དུས་ཆེན་བཞུགས་སྒར་གཙོས་ས་གནས་གང་སར་སྲུང་བརྩི་ཞུས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ༣༡འཁོར་བའི་དུས་ཆེན་དེ་བཞིན་འདི་ཚེས་༡༠་ཉིན། བཞུགས་སྒར་རྡ་རམ་སཱ་ལ་གཙོས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྣམ་པ་འདྲ་མིན་གྱི་ལམ་ནས་སྲུང་བརྩི་ཞུས་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བཞུགས་སྒར་གངས་ཅན་སྐྱོངས་ཤོངས་སུགཞུང་འབྲེལ་མཛད་སྒོ་སྲུང་བརྩི་ཞུས་ཡོད་པ་རེད། མཛད་སྒོའི་ཐོག་བཞུགས་སྒར་དུ་ཆགས་པའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇིཏ་ཀུ་མར་(Ajith Kumar)ལགས་ཀྱིས། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་ནོ་སྤེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་བ་དེ་ནི། བོད་པ་ཙམ་མིན་པར། རྒྱ་གར་དང་། འཛམ་གླིང་ཁྱོན་ཡོངས་ནས་དགའ་སྤོབས་བྱེད་འོས་པ་ཞིག་རེད། རྟག་དུ་བྱམས་བརྩེ་དང་ཞི་བདེ། གཞན་ཕན་ཆེད་ཐུགས་འཁུར་གཙོ་བཞེས་གནང་མཁན་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གཟེངས་རྟགས་དེ་ལྟ་བུ་ཞིག་འབུལ་བཞེས་མཛད་པ་དེ་ནི། ནོ་སྦེལ་ཞི་བདེའི་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་རང་ཉིད་ཀྱི་གཟི་བརྗིད་དང་སྤོབས་པ་རེད་ཅེས་གསུངས་ཤིང་། ཁོང་གིས་ད་དུང་། འདི་ལྟ་བུའི་སྐྱེས་ཆེན་དམ་ཞིག་རྡ་རམ་ས་ལར་ཕེབས་ཏེ་ས་གནས་འདི་བཞུགས་སྒར་གཉིས་པ་ཞིག་ཏུ་གྱུར་གནང་མཛད་པ་ནི་ང་ཚོའི་བསོད་ནམས་ཡིན། ང་ཚོ་ཧིན་བོད་མཛའ་འབྲེལ་ཚོགས་པས་རྒྱུན་དུ་ནས་བོད་མིའི་རང་དབང་ཆེད་མདུན་སྐྱོད་བྱེད་མུས་ཡིན་པ་དང་། འབྱུང་འགྱུར་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་མཆོག་ནས་འཛམ་གླིང་ཞི་བདེ་ཡོང་བར་ཀུན་ཁྱབ་འགན་འཁུར་གྱི་མཛད་འཕྲིན་བསམ་གྱི་མི་ཁྱབ་པར་བསྐྱངས་དང་སྐྱོང་མུས་ཡིན་ཞིང་། ད་བར་སྐྱེ་འགྲོ་ཡོངས་ཀྱི་ཕན་བདེ་སླད་དུ་མཛད་པ་འཕྲིན་ལས་སྐྱོང་བཞིན་པར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་གསུངས་གནང་སོང་།
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་འདིར་བོད་དང་བོད་མི་ཡོངས་ཀྱི་དྲང་བདེན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་གྲོས་ཚོགས། ཚོགས་སྒེར་བཅས་པ་ཚང་མར་འཚམས་འདྲི་དང་ཐུགས་རྗེས་ཆེ་ཞུས་ཞིང་། ཉེ་ལམ་བོད་འབྲི་རུ་རྫོང་གི་གླུ་བ་ལྷུན་གྲུབ་གྲགས་པ་ལགས་ལོ་དྲུག་གི་བཙོན་འཇུག་ཁྲིམས་བཅད་དང་། རྔ་བ་རྫོང་གི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཆབ་སྲིད་ལ་ཉེར་ནས་འཛིན་བཟུང་། དེ་བཞིན་ཉིན་ཤས་སྔོན་ལ་བོད་ཀྱི་སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་རྒྱ་ནག་གཞུང་གི་གློ་བུར་དུ་འཛིན་བཟུང་བྱས་པ་སོགས་ད་ལྟའི་ཆར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། སྤྱི་ལོ་༢༠༠༩ནས་ད་བར་བོད་ནང་བོད་མི་༡༥༤ཡིས་བོད་དོན་ཆེད་དུ་རང་ལུས་མེར་བསྲེགས་བཏང་སྟེ་ཞི་བའི་ངོ་རྒོལ་གནང་ཡོད་པ་སོགས་གཏམ་བཤད་གནང་ཡོད།
རྒྱ་གར་ཧི་མ་ཅཱལ་ཁུལ་དང་ལྷག་པར་དུ་རྡ་རམ་ས་ལའི་ཁུལ་དུ་ཀོཝིཌ་༡༩ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཇེ་མང་དུ་ཕྱིན་པའི་གནས་སྟངས་ཀྱི་དབང་གིས། ཐེངས་འདིའི་གཞུང་འབྲེལ་མཛད་སྒོའི་ཐོག་བོད་མི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ལས་གཞན་སེར་སྐྱ་མི་མང་རྣམས་མཉམ་བཞུགས་ཐུབ་མེད་ཅིང་། བོད་མི་གནས་སྡོད་བྱ་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རྣམ་པར་འདྲ་མིན་གྱི་ལམ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་སྲུང་བརྩི་ཞུས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org