༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་བསྟོད་ཕུལ་བ།
ཨ་རིའི་ཊེ་ནི་སིས྄་མངའ་སྡེའི་ནང་འགྲེམས་སྟོན་ཁང་ཞིག་ནས་༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གཟེངས་བསྟོད་ཕུལ་ཡོད་པ།
-
2009-09-24 -
-
-
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཊེ་ནི་སིས྄་མངའ་སྡེའི་མེམ་ཕེས྄་ཞེས་པའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཨ་མི་རི་ཀའི་མི་རིགས་ནག་པོའི་སྤྱི་དམངས་ཀྱི་ཐོབ་ཐང་ལ་འཐབ་རྩོད་གནང་སྟེ།འདས་གྲོངས་སུ་གྱུར་བའི་ དབུ་ཁྲིད་དམ་པ་ཌོག་ཊར་མར་ཊིན་ལུ་ཐར་ཀིང་མཆོག་སྐུ་སྲོག་བཀྲོངས་སའི་ས་ཁུལ་དེར་ཆིབས་བསྒྱུར་བསྐྱངས་གནང་སྟེ།སྨོན་ལམ་གསོལ་འདེབས་གནང་ཡོད་པ་དང་།ས་ཁུལ་དེ་ནི་ད་ཆ་རྒྱལ་ཡོངས་སྤྱི་དམངས་ཐོབ་ཐང་གི་འགྲེམས་སྟོན་ཞེས་པའི་མི་རིགས་ནག་པོའི་དབུ་ཁྲིད་ཌོག་ཊར་མར་ཊིན་ལུ་ཐར་ཀིང་མཆོག་གི་སྐུ་ཚེའི་དྲན་རྟེན་གྱི་འགྲེམས་སྟོན་ཁང་གི་ཆ་ཤས་ཤིག་ཡིན་པ་རེད།
སྤྱི་ནོར་༧གོ་ས་སྐྱབས་མགོན་ཆེན་པོ་མཆོག་གིས།མི་རིགས་ནག་པོའི་སྤྱི་དམངས་ཀྱི་ཐོབ་ཐང་ལ་འཐབ་རྩོད་གནང་སྟེ།སྐུ་སྲོག་ཤོར་བའི་ཌོག་ཊར་མར་ཊིན་ལུ་ཐར་མཆོག་གི་དྲན་རྟེན་ལ་གཟིགས་བསྐོར་གནང་སྐབས།ཐུགས་ལ་ཚོར་བ་ཆེན་པོ་ཞིག་བྱུང་ཡོད་པ་དང༌།ཡིན་ནའང་ལོ་རྒྱུས་ཀྱི་བྱུང་བ་དེ་ལྟ་བུས་དྲང་བདེན་དང་།བདེན་པར་འཐབ་རྩོད་བྱེད་སྐབས་དཀའ་ངལ་ཇི་ཙམ་ཆེ་ཡང་།མཐར་རྒྱལ་ཁ་ཐོབ་རྒྱུ་ཡོད་པའི་གནད་དོན་དེ་ཉིད་ཀྱང་།ངོ་སྤྲོད་ཐུབ་ཀྱི་ཡོད་ཅེས།སྐབས་དེར་འདུ་འཛོམས་གནང་བའི་གསར་འགོད་ལྷནཚོགས་ལ་ཚོ་སྣང་ཇི་བྱུང་དེ་ལྟར་ངོ་སྤྲོད་གནང་ཡོད་པ་རེད།
མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་གི་འགྲེམས་སྟོན་ཁང་དེས།བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱིས།རྒྱལ་སྤྱིའི་རང་དབང་གི་བྱ་དགའ་ཞེས་པ་དེ་ཕུལ་ཡོད་པ་དང་།སྐབས་དེར་འགྲེམས་སྟོན་ཁང་དེའི་དབུ་འཛིན་སྦེན་ཇ་མིན་ཧུཀ་སུ་ཡིས།བོད་ཀྱི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་ནི།རང་གི་སྐུ་ཚེ་ཧྲིལ་པོར་ཌོག་ཊར་མར་ཊིན་ལུ་ཐར་ཀིང་མཆོག་དང་།གྷན་རྡི་ཇི་ནང་བཞིན་ཆབ་སྲིད་ཀྱི་དྲག་གནོན་དང་མནར་གཅོད་ལ་་འཚེ་བ་མེད་པའི་ཞི་བདེའི་ཐབས་ལམ་གྱི་ཐོག་ནས།འཐབ་རྩོད་གནང་མཁན་གྱི་འཚོ་བཞིན་བཞུགས་པའི་སྐྱེས་ཆེན་ཞིག་ཡིན་པ་དང་།༧གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མི་ཚོས་འདི་ལོ་འཐབ་རྩོད་བྱེད་དེ།ལོ་ངོ་ལྔ་བཅུ་འཁོར་བའི་དྲན་རྟེན་ཞུ་བཞིན་པ་དེས།འཛམ་གླིང་ནང་མི་དྲང་བའི་གནད་དོན་ལ་རྩོད་ལེན་བྱེད་བཞིན་པའི་འཐབ་རྩོད་ལས་འགུལ་གང་སར་སྙིང་སྟོབས་དང་དམིགས་དཔེ་ལེན་ས་ཞིག་ཆགས་ཡོད་ཅེས་གསུངས་ཡོད་པ་རེད༎