༸གོང་ས་མཆོག་གིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་མཇལ་མོལ་གྱིས་མགོན་པོ་གང་ཉིད་མཆོག་འབྲས་ལྗོངས་ནང་ཆིབས་བསྒྱུར་གནང་རྒྱུའི་ཞལ་བཞེས་གནང་བ།

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་མངའ་སྡེའི་ནང་རིང་མིན་སྤྱི་ཟླ་༡༠པའི་ཚེས་༡༠ནས་༡༤བར་ཉིན་གྲངས་ལྔའི་རིངས་ཆིབས་བསྒྱུར་གནང་གི་ཡོད་འདུག

རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Prem Singh Tamang མཆོག་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་གནང་བ། ༠༩།༢༡།༢༠༢༣ OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་རམ་སེངྒ་རྟ་མང་(Prem Singh Tamang) མཆོག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་་ཟླ་༩ཚེས་༢༡ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་སྤྱི་ཁྱབ་བློན་ཆེན་ཁོང་དང་མཇལ་མོལ་གནང་སྟེ། དེང་སྐབས་འཛམ་གླིང་སྟེང་ནང་པའི་གཞུང་ལུགས་ཀྱི་སེམས་ཁམས་རིག་པའི་ལྟ་གྲུབ་སྐོར་ལ་དོ་སྣང་གསར་བ་ཞིག་ཡོང་གི་ཡོད་པས། ནང་ཆོས་་ནི་འཛམ་གླིང་སྤྱིའི་སེམས་ཁམས་བདེ་ཐང་དང་འབྲེལ་བ་ཡོད་པ་གསལ་པོ་མཚོན་ཐུབ་ཅེས་བཀའ་གནང་འདུག

༸དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དང་ས་འབྲེལ་ཆགས་པའི་འབྲས་ལྗོངས་མངའ་སྡེའི་ནང་དེ་སྔ་ལན་འགའ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་དང་། ཆིབས་བསྒྱུར་མཐའ་མ་དེ་༢༠༡༣ ལོར་བསྐྱངས་ཡོད་པ་དང་། ད་རེས་མཇལ་མོལ་སྐབས། ༸གོང་ས་མཆོག་གིས།  རིང་མིན་མགོན་པོ་གང་ཉིད་མཆོག་མངའ་སྡེའི་ནང་ཆིབས་བསྒྱུར་མཛད་སྐབས། ཆོས་གྲོགས་རྙིང་པོ་ཚོ་དང་ཐུགས་འཕྲད་ཡོང་བའི་ཐུགས་རེ་ཡོད་པ་བཀའ་གནང་བ་དང་ཆིབས་ཅིག ནང་ཆོས་ནི་རིག་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་ཡོད་པའི་ཆོས་ལུགས་ཤིག་ཡིན་པས། ནུབ་ཕྱོགས་ཀྱི་ཚན་རིག་པའི་ཁྲོད་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁར། སེམས་ཚོར་དང་ནང་སེམས་ཞི་བདེ་ཡོང་ཐབས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད་པར་བརྟེན། ནང་ཆོས་ནང་དེ་དག་སྐོར་ཧ་ཅང་གི་གཏིང་ཟབ་པོ་གསུངས་ཡོད་པ་བཀའ་སྩལ་འདུག འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་མི་སྣ་ཞིག་གིས་ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འབྲས་ལྗོངས་མངའ་སྡེའི་ནང་རིང་མིན་སྤྱི་ཟླ་༡༠པའི་ཚེས་༡༠ནས་༡༤བར་ཉིན་གྲངས་ལྔའི་རིངས་ཆིབས་བསྒྱུར་གནང་གི་ཡོད་འདུག

ཡང་འབྲས་ལྗོངས་མངའ་སྡེའི་གཞུང་འབྲེལ་ངོ་དེབ་སྟེང་གནས་ཚུལ་སྤེལ་བའི་ནང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ནས་འབྲས་ལྗོངས་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ།༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་མངའ་སྡེའི་ནང་ཆིབས་བསྒྱུར་གནང་རྒྱུའི་གསོལ་འདེབས་ཞུས་པ་བཞིན། ༸མགོན་པོ་གང་ཉིད་མཆོག་སྤྱི་ཟླ་༡༠ནང་ཆིབས་བསྒྱུར་གནང་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་ཡོད་པ་བཀོད་འདུག

ཡང་དེ་དང་ཕྱོགས་མཚུངས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས། སྒེར་གྱི་ངོ་དེབ་སྤྱི་ཚོགས་དྲ་ལམ་སྟེང་གནས་ཚུལ་སྤེལ་བའི་ནང་། དེ་རིང་འཛམ་གླིང་ཞི་བདེའི་ཉིན་མོ་དང་བསྟུན། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་གྱི་གོ་སྐབས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་འབྲས་ལྗོངས་པ་རྣམས་ལ་ཐུགས་བརྩེ་བ་ཆེན་པོ་གནང་མུས་ཡིན་པ་་ནི་འབྲས་ལྗོངས་པ་ཡོངས་ཀྱི་བསོད་ནམས་ཡིན་པ་སོགས་བཀོད་འདུག གཞན་ཡང་ད་རེས་མཇལ་ཁའི་སྐབས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Prem Singh Tamang ལྷན་དུ་མངའ་སྡེ་དེ་ཉིད་ཀྱི་བློན་ཆེན་བསོད་ནམས་བླ་མ་Sonam Lama དང་སྤྱི་ཁྱབ་དྲུང་ཆེ་ཚུད་པའི་མངའ་སྡེའི་དཔོན་རིགས་མཐོ་གྲས་ཁག་ཅིག་མཇལ་བཅར་ཞུས་འདུག

 

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org