༸རྒྱལ་བའི་ཡང་སྲིད་དང་། རྒྱ་ནག་དམར་ཤོག་གཞུང་གི་ངན་བྱུས།
རྒྱ་ནག་དམར་ཤོག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ལ་ཐེ་གཏོགས་དང་། ཡང་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་གྱི་སྒྲོ་འདོགས་འཁྱོག་བཤད་ཇེ་ཆེར་བྱེད་བཞིན་པའི་དུས་སྐབས་སུ། ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན། ༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་ལམ་སྟོན་ཁ་གསལ་གནང་བའི་རེ་སྒུག་ཞུ་བཞིན་ཡོད།
- 2025-05-08
-
-
-
རྒྱ་ནག་དམར་ཤོག་གཞུང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ལ་ཐེ་གཏོགས་དང་། ཡང་སྲིད་ཀྱི་བདག་དབང་རྒྱ་ནག་གཞུང་ལ་ཡོད་ཚུལ་གྱི་སྒྲོ་འདོགས་འཁྱོག་བཤད་ཇེ་ཆེར་བྱེད་བཞིན་པའི་དུས་སྐབས་སུ། ད་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན། ༸སྐུའི་ཡང་སྲིད་ཕེབས་ཕྱོགས་ཐད་ལམ་སྟོན་ཁ་གསལ་གནང་བའི་རེ་སྒུག་ཞུ་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་ཕྱི་ལོ་ ༢༠༡༡ ལོར་སྐུའི་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་བསྐྱངས་གནང་ཡོད་ཅིང་། དེའི་ནང་། གང་ཉིད་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་སོན་སྐབས་ཆོས་བརྒྱུད་བླ་ཆེན་ཁག་དང༌། བོད་མིས་མཚོན་འབྲེལ་ཡོད་དད་ལྡན་མང་ཚོགས་ལ་གོ་བསྡུར་གྱིས་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་མིན་བསྐྱར་ཞིབ་དང་ཐག་གཅོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་ལ། གསལ་བསྒྲགས་དེ་ཉིད་བསྐྱངས་ནས་ལོ་ངོ་བཅུ་བཞི་འདས་རྗེས་ད་ལོ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ པའི་ནང་འདོན་སྤེལ་ཞུས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཕྱག་དེབ། མགྲིན་མེད་རྣམས་ཀྱི་མགྲིན་ཚབ་པ། ཞེས་པའི་ནང་། མགོན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༢༤ ཉིན་སྐུའི་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བའི་རྗེས། འདས་པའི་ལོ་ཕྲག་གཅིག་ལྷག་གི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི། ཧི་མ་ལ་ཡའི་ནང་པ། སོག་རིགས་སོགས་ཀྱིས་མགྲིན་གཅིག་ཏུ་༸གོང་ས་ཏཱ་ལའི་བླ་མའི་རྒྱུད་པ་མུ་མཐུད་གནས་དགོས་པའི་ཞུ་སྐུལ་རིམ་པ་གནང་བ་བཞིན། སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་མུ་མཐུད་སྐྱོང་སླད་མགོན་པོ་མཆོག་གི་སྐུ་ཐོག་རྗེས་མ་(རྒྱ་ནག་གི་ཕྱི་ལོགས་)རང་དབང་ལྡན་པའི་འཛམ་བུ་གླིང་དུ་འཁྲུངས་ངེས་ཡིན་པ་དང་། དེ་ལ་བརྟེན་ནས་༸རྒྱལ་བ་རིན་བྱོན་གྱི་མཛད་འགན་སྟེ། འཛམ་གླིང་ནང་བྱམས་སྙིང་རྗེ་གོང་མཐོར་གཏང་རྒྱུ་མཚོན། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྒྱུ། དེ་བཞིན་བོད་མི་མང་གི་མངོན་འདོད་མཚོན་དོན་དུ་མུ་མཐུད་གནས་ངེས་ཡིན་པ་བཀའ་སྩལ་ཡོད། །
རང་དབང་ལུང་པའི་ནང་སྐུ་སྐྱེ་བཞེས་རྒྱུ།
ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་བཟུང་ད་བར་ལོ་ངོ་ ༦༥ ལྷག་འདས་ཟིན་ཞིང་། དུས་ཡུན་དེ་དག་གི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་ཞི་འགྲིག་ཡོང་ཐབས་ཐུགས་བརྩོན་རིམ་པ་གནང་ཡོད་ནའང་། རྒྱ་ནག་གཞུང་ངོས་ནས་དེ་ལ་དྲང་བདེན་གྱི་ཡ་ལན་དང་། ཞི་འགྲིག་གི་འདོད་མོས་མ་བསྟན་པར་བརྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩོན་ཇི་ཙམ་གནང་ཡང་། ད་བར་བོད་རྒྱའི་དཀའ་རྙོག་སེལ་མ་ཐུབ་པར་ལུས་ཡོད། མགོན་པོ་གང་ཉིད་ད་ལོ་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད་ཅིང་། གལ་ཏེ་མགོན་པོ་མཆོག་སྐུ་འཚོ་བཞུགས་རིང་བོད་རྒྱའི་དཀའ་རྙོག་མ་བསལ་ན། གཞིས་བཞུགས་བོད་མི་གཙོས་པའི་བོད་མི་མང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་གང་ཉིད་དང་ལྷན་བོད་རྒྱའི་དཀའ་རྙོག་ཞི་འགྲིག་མ་ཐུབ་པ་དེར་ཁག་དཀྲི་སྐྱོན་བརྗོད་བྱེད་ངེས་པ་མ་ཟད། རྒྱ་རིགས་ནང་པ་ཐེ་བའི་རྒྱ་རིགས་མང་པོས་རང་གི་སྲིད་གཞུང་གིས་དཀའ་རྙོག་སེལ་ཐབས་ཡོད་བཞིན་དུ་མ་བསལ་བར་བཞག་པ་དེར་བློ་ཕམ་བྱེད་ངེས་ཡིན་ཞེས་གང་ཉིད་ཀྱི་ཕྱག་དེབ་གསར་པ། མགྲིན་མེད་རྣམས་ཀྱི་མགྲིན་ཚབ་པའི་ནང་གསལ་གཏོད་མཛད་འདུག
བོད་མི་ཐེ་བའི་བོད་དོན་རྒྱབ་སྐྱོར་བ་མང་པོས། གལ་ཏེ་མགོན་པོ་གང་ཉིད་སྐུ་འཚོ་བཞུགས་སྐབས་བོད་ཀྱི་བདེན་མཐའ་མ་བསལ་ན། མ་འོངས་པར་བོད་ཀྱི་གནས་བབ་ཇི་ལྟ་བུ་ཞིག་ཏུ་འགྱུར་མིན་ཐད་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་ནའང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་དེབ་གསར་པའི་ནང་། མ་འོངས་པར་གང་ཉིད་མེད་པའི་དུས་ཤིག་ཤར་བའི་ཚེ། ཆབ་སྲིད་ཐོག་ནས་ད་ཆ་རང་དབང་ལྡན་པའི་འཛམ་བུ་གླིང་ནང་བཙན་བྱོལ་བོད་མིའི་མི་འབོར་གང་འཚམ་ཡོད་པས། བོད་མིའི་འཐབ་རྩོད་མུ་མཐུད་གནས་ངེས་ཤིང་། བོད་དོན་འཐབ་རྩོད་ཀྱི་འགོ་ཁྲིད་བཙན་བྱོལ་བོད་མིས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གནང་ངེས་ཡིན་ཞེས་བཀའ་གནང་འདུག
ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་སྟངས་ལ་གཞིགས་ན། མགོན་པོ་གང་ཉིད་བོད་དུ་ཞབས་ཀྱིས་བཅག་ཐུབ་རྒྱུའི་གོ་སྐབས་ཧ་ཅང་ཕྲ་ལ། ལྷག་པར་ཕྱི་ལོ་ ༢༠༢༢ ལོར་མགོན་པོ་མཆོག་གིས་ཀྱང་གང་ཉིད་དགོངས་པ་རྫོགས་སྐབས་རྒྱ་ནག་གི་དཔོན་རིགས་ཚོས་མཐའ་བསྐོར་ཏེ་དགོངས་པ་རྫོགས་པ་ལས། རང་དབང་དང་མང་གཙོའི་རྒྱལ་ཁབ་རྒྱ་གར་ལྟ་བུའི་ནང་དགོངས་པ་རྫོགས་རྒྱུའི་ཐུགས་འདོད་ཆེ་བ་ཡོད་ཅེས་བཀའ་གནང་ཡོད།
སྤྱིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༠ ཙམ་ནས་བཟུང་༸གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དགའ་ལྡན་ཕོ་བྲང་མུ་མཐུད་གནས་དགོས་མིན་བོད་མི་མང་གིས་ཐག་གཅོད་དགོས་པའི་བཀའ་གནང་ཡོད་ལ། གལ་ཏེ་བོད་མི་མང་གི་རེ་འདོད་བཞིན་སྐུ་ཕྲེང་རིམ་བྱོན་མུ་མཐུད་ཕེབས་རྒྱུ་ཡིན་ན་རྒྱ་ནག་གི་ཕྱི་ལ་འཁྲུངས་རྒྱུ་ཡིན་པ་དང་། སྐུ་ཐོག་རྗེས་མ་དེ་སྔར་སྲོལ་བཞིན་མ་ཡིན་པར་བུད་མེད་ལའང་འཁྲུངས་སྲིད་པའི་སྐོར་བཀའ་གནང་ཡོད། ཕྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༢༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྩལ་ཡོད་ལ། དེའི་ནང་། “ཡང་སྤྲུལ་སྲིད་པ་གཟུང་རྒྱུ་ནི་གོང་མ་རང་ཉིད་ཀྱིས་རང་དབང་གིས་སམ་མཐའ་མར་ཡང་ལས་བསོད་སྨོན་ལམ་གྱི་དབང་གིས་སྐྱེ་བ་བླང་དགོས་པ་ཞིག་ཡིན་སྟབས། དེ་གང་དུ་ཇི་ལྟར་སྐྱེ་བ་དང༌། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཉིད་ལ་ཐུན་མིན་དུ་དབང་བ་ཞིག་ལས། གཞན་སུས་ཀྱང་བཙན་དབང་དང༌། གནོན་ཤུགས། རང་འདོད་ལྟར་གང་བྱུང་བྱ་ས་མེད་པ་ནི་བདེན་པའི་གནས་ཚུལ་ཡིན། ལྷག་པར་དུ་ཡང་སྤྲུལ་གྱི་རྣམ་གཞག་ལྟ་ཞོག སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་རྣམས་ཀྱིས་བླ་མའི་ཡང་སྤྲུལ་སྤྱི་དང༌། ཁྱད་པར་རྒྱལ་བ་ཡབ་སྲས་ཀྱི་ཡང་སྤྲུལ་ངོས་འཛིན་ལ་དབང་ཤུགས་ཁོ་ནས་ཐེ་བྱུས་བྱེད་པ་ནི་ཆེས་མ་འཚམས་ཤིང༌། སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་དང་ཡང་རྒྱབ་འགལ་དུ་སོང་བའི་རྫུན་སྤྱོད་ངན་གཡོ་ངོ་ཚ་བྲལ་བ་ཞིག་ཡིན་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་གཤིས། དེ་རིགས་བྱུང་ཚེ་དེ་ལ་བོད་མི་རིགས་དང༌། བོད་བརྒྱུད་ནང་བསྟན་རྗེས་འཇུག་གི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ནས་ནམ་ཡང་ངོས་ལེན་དང༌། མོས་མཐུན་བྱེད་ཐབས་མེད།” ཅེས་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་༸རྒྱལ་བའི་ཡང་སྲིད་བཀོལ་སྤྱོད་བྱེད་ཐབས་ལ་ངོས་བཞེས་གནང་རྒྱུ་མིན་པ་གསལ་བཤད་གནང་ཡོད།
དེ་མ་ཟད་མགོན་པོ་གང་ཉིད་རྗེ་དགེ་འདུན་གྲུབ་ཀྱི་དགུང་གྲངས་ཙམ་དུ་ཕེབས་སྐབས་བོད་མི་མཚོན་པའི་དད་ལྡན་པ་རྣམས་གོ་བསྡུར་གནང་སྟེ་རྒྱལ་དབང་སྐུ་ཕྲེང་མུ་མཐུད་དགོས་མིན་བསྐྱར་ཞིབ་ཐག་གཅོད་གནང་རྒྱུ་དང་། གལ་ཏེ་རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། མགོན་པོ་མཆོག་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པའི་ལམ་སྟོན་མཛད་ཡོད།
འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན་བོད་མི་ཐེ་བའི་མགོན་པོ་མཆོག་གི་རྗེས་འཇུག་པས་མགོན་པོ་མཆོག་ནས་སྐུའི་ཡང་སྲིད་སྐོར་ལམ་སྟོན་ཁ་གསལ་གནང་བའི་ཐུགས་རེ་གནང་བཞིན་ཡོད་ལ། འདི་ལོའི་ཟླ་བ་ ༣ ནང་འདོན་སྤེལ་གནང་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ། ཞེས་པའི་ནང་དུའང་། མགོན་པོ་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༢༤ ཉིན་སྐུའི་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་བའི་རྗེས་འདས་པའི་ལོ་ཕྲག་གཅིག་ལྷག་གི་ནང་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི། ཧི་མ་ལ་ཡའི་ནང་པ། སོག་རིགས་སོགས་ཀྱི་མགྲིན་གཅིག་ཏུ་༸གོང་ས་ཏཱ་ལའི་བླ་མའི་རྒྱུད་པ་མུ་མཐུད་གནས་དགོས་པའི་ཞུ་སྐུལ་རིམ་པ་གནང་བ་བཞིན། སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་མུ་མཐུད་སྐྱོང་སླད་མགོན་པོ་མཆོག་གི་སྐུ་ཐོག་རྗེས་མ་རང་དབང་ལྡན་པའི་འཛམ་བུ་གླིང་དུ་འཁྲུངས་ངེས་ཡིན་པ་དང་། དེ་ལ་བརྟེན་ནས་རྒྱལ་བ་རིན་བྱོན་གྱི་མཛད་འགན་སྟེ། འཛམ་གླིང་ནང་བྱམས་སྙིང་རྗེ་གོང་མཐོར་གཏང་རྒྱུ་མཚོན། བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྒྱུ། དེ་བཞིན་བོད་མི་མང་གི་མངོན་འདོད་མཚོན་དོན་དུ་མུ་མཐུད་གནས་རྒྱུ་ཡིན་པ་བཀའ་སྩལ་ཡོད། །
ཡང་སྲིད་ངོས་འཛིན་གྱི་སྟ་གོན།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༠ ང་གྲངས་ནས་བཟུང་བོད་བཙན་བཟུང་བྱས་རྗེས་བོད་མི་མང་ལ་ཞི་དྲག་གཉིས་ཀྱི་ལམ་ནས་དབང་སྒྱུར་བྱ་ཆེད་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པར་སྟངས་འཛིན་བྱ་རྒྱུ་ཆབ་སྲིད་ཀྱི་དགོས་མཁོར་མཐོང་སྟེ། སྲིད་བྱུས་རིམ་པ་གཏན་འབེབས་ལག་བསྟར་དང་། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱ་རྒྱུའི་སྟ་གོན་ཐབས་དང་རྣམ་པ་འདྲ་མིན་ཐོག་བྱེད་བཞིན་ཡོད་པ་མ་ཟད། མགོན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་རྒྱ་ནག་གཞུང་གི་ཆོག་མཆན་ངེས་པར་དགོས་ཚུལ་གྱི་བཤད་པ་རྒྱལ་སྤྱི་རྒྱལ་ནང་དུ་འབད་པ་ཆེན་པོས་སྤེལ་བཞིན་ཡོད།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༧༩༣ ལོའི་རྒྱ་ནག་གོང་མའི་བཀའ་རྒྱ་(Imperially Approved Ordinance for Better Governance of Tibet or the 29-article Ordinance)ཟེར་བའི་ནང་། ༸གོང་ས་ཏཱ་ལའི་བླ་མ་གཙོས་པའི་བླ་སྤྲུལ་རྣམ་པ་གསེར་འབུམ་དཀྲུགས་འདོན་ལམ་ནས་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དང་། ངོས་འཛིན་ཞུས་པའི་བླ་མའི་འོས་སྤྲུལ་ལ་པེ་ཅིང་ནས་ཆོག་མཆན་སྤྲོད་དགོས་ཚུལ་གསལ་ཡོད་སྐོར་བརྗོད་དེ། དེ་ཉིད་ལུང་འདྲེན་གྱིས་རྒྱ་ནག་གོང་མའི་དབང་ཚད་གཅིག་མཚུངས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལའང་ཡོད་ཚུལ་སྒྲོག་པ་མ་ཟད། ལྷག་པར་ད་ལྟའི་རྒྱ་ནག་གཞུང་གིས་བསྐོས་པའི་པཎ་ཆེན་ཟེར་བ་ཁོང་ཡང་གསེར་འབུམ་དཀྲུགས་འདོན་གྱི་ལམ་ནས་ངོས་འཛིན་བྱས་ཚུལ་གྱི་རྣམ་པ་བསྟན་ཡོད།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༩༥ ལོར་བཀྲིས་ལྷུན་པོ་དགོན་དང་༸གོང་ས་མཆོག་གིས་ངོས་འཛིན་ཞུས་པའི་པཎ་ཆེན་དགེ་ཆོས་ཀྱི་ཉི་མ་མཆོག་ལ་ངོས་འཛིན་མ་བྱས་པར་གར་སོང་ཆ་མེད་དུ་བཏང་སྟེ། དེའི་ཚབ་ཏུ་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་ཆེད་རྒྱ་ནག་དམར་ཤོག་ཚོགས་པའི་ལས་བྱེད་ཀྱི་ཕྲུ་གུ་རྒྱལ་མཚན་ནོར་བུ་ཟེར་བ་ཞིག་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བདམས་ཤིང་། སྐབས་དེ་དུས་བཟུང་རྒྱ་ནག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་ལ་ཐེ་གཏོགས་བྱ་རྒྱུའི་ངན་བྱུས་གཏིང་ཟིན་པར་བཤད་ཆོག ལོ་རྒྱུས་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ནི་བླ་སློབ་ཀྱི་འབྲེལ་བས་མཐུད་དེ། ༸རྒྱལ་བ་ཕན་ཚུན་གྱི་ཡང་སྲིད་ངོས་འཛིན་ཞུ་སྲོལ་ཡོད་པ་རེད།
མ་འོངས་པར་འབྲེལ་བ་དེ་ཉིད་རྒྱ་ནག་གཞུང་གིས་རང་གིས་བདམས་པའི་ཡང་སྲིད་ཚུལ་མཐུན་ཡིན་པ་སྒྲུབ་ཐབས་ལ་བེད་སྤྱོད་བྱེད་ངེས་རེད།
ལོ་རྒྱུས་ཐོག་ཕྱི་ལོ་ ༡༧༩༣ ལོའི་བཀའ་རྒྱ་གཞིར་བཟུང་གསེར་འབུམ་དཀྲུག་འདོན་གྱི་ལམ་ནས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པ་དང་། བཅུ་གཉིས་པ་མ་གཏོགས་ངོས་འཛིན་ཞུས་མེད་ཅིང་། དེ་མིན་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་དང་། བཅུ་གསུམ་པ། བཅུ་གཞི་པར་དེ་ལྟར་གནང་མེད་པ་ནི་དངོས་ཡོད་གནས་ཚུལ་ཞིག་རེད།
དེ་བཞིན་རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་མོལ་གནང་སྐབས། མགོན་པོ་མཆོག་གི་མ་འོངས་པའི་གནད་དོན་སྐོར་ལས། བོད་ཀྱི་གནད་དོན་ཟེར་བ་མེད་ཅེས་བསྐྱར་ཟློས་བྱེད་བཞིན་ཡོད་ལ། ལྷག་པར་དེང་སྐབས་རྒྱ་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་འོག་༸གོང་ས་མཆོག་གི་མ་འོངས་པའི་གནད་དོན་སྐོར་གྲོས་མོལ་བྱ་རྒྱུར་སྒོ་འབྱེད་ཡོད་སྐོར་སྒྲོག་བཞིན་ཡོད། དེ་ཡང་འདི་ལོའི་ཟླ་བ་ ༢ ཚེས་ ༡༠ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ “ཡང་དག་པའི་ལམ་”དུ་བསྐྱོད་པའི་རེ་བ་ཡོད་པ་མ་ཟད། གལ་ཏེ་རྒྱ་ནག་གིས་བཏོན་པའི་ཆ་རྐྱེན་ལ་ངོས་བཞེས་གནང་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་མ་འོངས་པའི་གནས་བབ་སྐོར་གྲོས་མོལ་བྱ་རྒྱུར་སྒོ་འབྱེད་ཡོད་ཚུལ་བསྒྲགས་ཡོད་པ་རེད། །
ཡང་སྲིད་ངོས་འཛིན་གྱི་བདག་དབང་ངོ་མ་སུ་ལ་ཡོད་དམ།
བོད་མི་མང་དང་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་བ་ཡིན་ནོ་ཅོག་གིས་ཆོས་ལ་ཡིད་ཆེས་མེད་པའི་རྒྱ་ནག་དམར་ཤོག་གཞུང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་ཞུ་རྒྱུར་ཆོས་ཕྱོགས་དང་། ཁྲིམས་ལུགས་གང་གི་ཆ་ནས་ཀྱང་དབང་ཚད་མེད་པར་ངོས་འཛིན་བྱེད་བཞིན་ཡོད། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནི་འདས་པའི་མི་ལོ་དྲུག་བརྒྱ་ལྷག་རིང་། བོད་དང་སོག་ཡུལ། རྒྱ་ནག་དང་ཧི་མ་ལ་ཡའི་རི་བརྒྱུད་དང་བཅས་པར་ནང་པའི་བསྟན་པ་དར་སྤེལ་གྱི་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་མ་ཟད། ཧོར་སོག་དང་རྒྱ་ནག་མན་ཇུ་དང་བཅས་པའི་རྒྱལ་པོ་དང་གོང་མ་ཚོའི་དད་གུས་ཞུ་ཡུལ་ཉག་གཅིག་ཏུ་གྱུར་ཏེ། ལོ་རྒྱུས་སུ་ཆོས་སྲིད་གང་གི་ཐད་ཤུགས་རྐྱེན་འགྲན་ཟླ་བྲལ་བ་ཞིག་ཆགས་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་ངོས་འཛིན་ཞུ་སྒོའི་བདག་དབང་ཀྱང་མགོན་པོ་གང་ཉིད་དབུས་པའི་གང་དང་བླ་སློབ་ཀྱི་འབྲེལ་བས་མཐུད་པའི་རྗེས་འཇུག་བོད་བརྒྱུད་ནང་བསྟན་པར་ཡོད་པ་ནི་དངོས་པོའི་ཆོས་ཉིད་དུ་གྲུབ།
ཕྱི་ལོ་ ༢༠༡༡ ཟླ་བ་ ༩ ཚེས་ ༣༠ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐོར་ལ་གཞུང་འབྲེལ་གྲོས་ཆོད་ཅིག་གཏན་འབེབས་གནང་སྟེ། མགོན་པོ་གང་ཉིད་ཀྱི་ཡང་སྲིད་སྐོར་གྱི་ཐག་གཅོད་དབང་ཚད་མགོན་པོ་གང་ཉིད་ལ་ཡོད་པ་ལས་ཆོས་མེད་དམར་པོའི་ལྟ་གྲུབ་འཛིན་མཁན་སྐྱེ་བ་སྔ་ཕྱི་ཙམ་ཡང་བསམ་བཞིན་ཁས་ལེན་མི་བྱེད་པའི་ཆབ་སྲིད་དབང་འཛིན་པ་སུ་ལ་ཡང་མེད་པ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལའང་མེད་པ་གསལ་སྟོན་དང་། ལྷག་པར་ཕྱི་ལོ་ ༢༠༠༧ ཟླ་ ༩ ཚེས་ ༡ ནས་ལག་བསྟར་བྱས་པའི་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྒྱ་ཨང་ལྔ་པ་ཟེར་བ་སོགས་ཀྱི་བཙན་བཀའ་དང་། སྲོལ་ཡིག མཛུབ་སྟོན། བསྒྲགས་གཏམ་ཟེར་བའི་སྔ་ཕྱིའི་ཡིག་རིགས་ཁག་ལ་ངོས་ལེན་ནམ་ཡང་བྱ་ཐབས་མེད་པས། གཞིས་བྱེས་བོད་མིས་མཚོན་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་སེར་སྐྱ་ཀུན་དང༌། བོད་དང་བོད་མིར་འབྲེལ་ཆགས་ཀྱི་འཇིག་རྟེན་སྐྱེ་འགྲོ་ཡོངས་ནས་ངོ་རྒོལ་བྱ་རྒྱུ་ཡིན་པ་གསལ་གཏོད་གནང་ཡོད།
རྒྱ་ནག་གཞུང་གིས་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་ཏེ། བོད་ཀྱི་དགོན་སྡེའི་འཛིན་སྐྱོང་སྤྱི་དང་། བྱེ་བྲག་ཏུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་བེད་སྤྱོད་བཏང་དང་གཏོང་བཞིན་པའི་ཐོག བོད་ཀྱི་ས་ཁུལ་ཁག་ཏུ་ཟབ་སྦྱོང་འཛིན་གྲྭ་དང་། བགྲོ་གླེང་ཚོགས་འདུ། གཏམ་བཤད་སྐོར་སྐྱོད་སོགས་རྣམ་པ་ཅི་རིགས་ཀྱི་སྒོ་ནས་བོད་མི་སྐྱ་སེར་གཉིས་ལ་ཡང་སྲིད་སྐོར་སྤྱི་དང་། ཡང་སྒོས་སུ་༸རྒྱལ་བའི་ཡང་སྲིད་སྐོར་ལ་འཁྱོག་བརྗོད་ཀྱི་དྲིལ་བསྒྲགས་དང་། ལས་འགུལ་འདྲ་མིན་ཁྱོན་ཡོངས་ནས་སྤེལ་བཞིན་ཡོད་པའི་སྐབས་འདིར། ཕྱི་ལོ་ ༢༠༢༢ ཟླ་བ་ ༩ ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་སྐུའི་ཡང་སྲིད་སྐོར་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཀྱི་སྐུ་དབང་མགོན་པོ་གང་ཉིད་ལ་ཡོད་པ་ནན་བརྗོད་གནང་ཡོད།
དེ་ཡང་གསལ་བསྒྲགས་དོན་ཚན་དྲུག་ཅན་དེའི་ནང་བོད་མིའི་སྒྲིག་འཛུགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་༸མགོན་པོ་མཆོག་གིས་ཕྱི་ལོ་ ༡༩༦༩ ལོ་ནས་བཀའ་སློབ་རིམ་ཕེབས་དང་། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཟིན་དང་། དེ་བཞིན་འབྱུང་འགྱུར་ཡང་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས། གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་པ་དང་། ཆོས་ཕྱོགས་ཀྱི་བྱ་བའི་ཐད་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་སུ་ཞིག་ལ་འགན་བསྐུར་ཇི་ལྟར་གནང་བ་བཞིན་དེའི་བརྒྱུད་རིམ་ནས་འགྲོ་དགོས་པ་ཞིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ལ་ལས་འགན་གང་བསྐུར་སྐབས་དུས་སོ་སོའི་འབྲེལ་ཡོད་ནས་ཁུར་ངེས་ཡིན་པ་གསལ་སྟོན་དང་སྦྲགས། བཀའ་ཤག་གིས་གཞུང་འབྲེལ་གྱི་གཞུ་སྒོ་གཞན་རྣམས་གྲ་སྒྲིག་བྱེད་མུས་ཡིན་པ་གསུངས་ཡོད།
དེ་ལྟར་ཨ་རི་གཞུང་གིས་ཀྱང་ཕྱི་ལོ་ ༢༠༢༤ ལོར་བོད་ཀྱི་རྩོད་རྙོག་སེལ་བར་སྐུལ་དེད་ཀྱི་ཁྲིམས་ཡིག་གཏན་འབེབས་བ་དང་འབྲེལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཀྱི་ལོ་རྒྱུས་དང༌། བོད་མི་མང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་མཚོན་པའི་བོད་མིའི་སྒྲིག་འཛུགས་ཁག་གི་སྐོར་ལ་གནས་ཚུལ་རྫུན་སྒྲོགས་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པའི་ལངས་ཕྱོགས་གསལ་སྟོན་དང་སྦྲགས། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་གྱི་ལོག་བཤད་ལ་དགག་པ་སྐྱོན་ཡོད།
དེ་མཚུངས་བོད་དང་བོད་མིར་འབྲེལ་ཆགས་ཚོགས་སྒེར་སྤྱི་དང་། བོད་བརྒྱུད་ནང་བསྟན་རྗེས་འབྲང་བ་མང་པོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མགོན་པོ་མཆོག་དང་གང་གི་རྗེས་འཇུག་བོད་བརྒྱུད་ནང་བསྟན་པར་ཡོད་སྐོར་ཡིག་ངག་གཉིས་ཐོག་ནས་གསལ་བཤད་དང་། གྲོས་ཆོད་རིམ་པ་བཞག་དང་འཇོག་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ནས་ཀྱང་བོད་མི་ཐེ་བའི་ཧི་མ་ལ་ཡའི་མི་མང་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་སྐུ་དབང་མགོན་པོ་གང་ཉིད་ཁོ་ནར་ཡོད་པ་ནན་བརྗོད་ཀྱི་གྲོས་ཆོད་ཁུངས་སོ་སོས་གཏན་འབེབས་ཡོང་བའི་རེ་སྐུལ་གནང་བཞིན་ཡོད། །
རྒྱ་ནག་དམར་ཤོག་ཚོགས་པ་དང་། བོད་བརྒྱུད་ནང་བསྟན།
སྤྱི་ཡོངས་ཀྱི་ཆོས་ལུགས་སྲིད་བྱུས་ལ་མཚོན་ན། དམར་ཤོག་རིང་ལུགས་དང་ཆོས་ལུགས་གཉིས་འགལ་ཟླར་ལྟ་གི་ཡོད་ནའང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཐོག་མར་ཚུགས་པ་ནས་བཟུང་ཆོས་ལུགས་ཐོག་སྲིད་བྱུས་འཇམ་པོ་བཟུང་ཡོད། དེ་ནི་སྐབས་དེར་ཁོ་ཚོར་མི་མང་ཡོངས་ཀྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་ལ། དམིགས་བསལ་རྒྱ་ནག་གི་སྤྱི་ཚོགས་ནང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྐྱེན་གྱིས་ཡིན།
རྒྱ་ནག་དམར་ཤོག་ཚོགས་པའི་བོད་ནང་གི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་ཀྱི་དབང་ཆ་བཟུང་རྒྱུ་དེ་ཡིན་པས། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གསར་དུ་བཙུགས་མ་ཐག་བོད་ལ་བཙན་འཛུལ་བྱ་རྒྱུའི་འཆར་གཞི་བཏིང་ཞིང་། མའོ་ཙེ་ཏུང་སྒེར་ངོས་ནས་འཆར་གཞི་དེ་དག་ལ་ཆོག་མཆན་སྤྲད། ཕྱི་ལོ་ ༡༩༥༠ ཟླ་བ་བཅུ་པར་བཅིངས་བཀྲོལ་དམག་གིས་བོད་ལ་བཙན་འཛུལ་བྱས་རྗེས་བོད་གཞུང་ལ། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་གྱི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་བཙན་པོས་གྲོས་མོལ་བྱེད་དུ་བཅུག དེ་བརྒྱུད་བོད་མི་མང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་བཅུག་སྟེ། བོད་ལ་རང་སྐྱོང་གནས་བབ་སྤྲད་ཀྱང་། རྒྱ་ནག་དབུས་གཞུང་གི་འགོ་ཁྲིད་འོག་ས་གནས་སྲིད་གཞུང་གི་ངོ་བོར་བཞག
ཕྱི་ལོ་ ༡༩༥༠ ལོ་རབས་ཀྱི་མཇུག་ཏུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་གི་རང་ཉིད་ཀྱི་གནས་བབ་ལ་གདེང་སྤོབས་ཆེ་རུ་ཕྱིན་སྟེ། བོད་ཀྱི་སྤྱི་ཚོགས་ཐོག་དམ་དྲག་ཤུགས་ཆེ་རུ་གཏོང་འགོ་བཙུགས། ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་བོད་ནས་བྲོས་བྱོལ་ལ་ཕེབས་རྗེས། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་དྲག་གནོན་ཅན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཤིང་། ༸གོང་ས་མཆོག་བྲོས་བྱོལ་དུ་ཕེབས་མ་ཐག མའོ་ཡི་སྲིད་གཞུང་གིས་མཆོད་གཞིས་རྣམས་བཙན་འཕྲོག་བྱས་པ་དང་དགོན་སྡེ་མང་པོ་སྒོ་བརྒྱབ། དེ་རྗེས་རིག་གནས་གསར་བརྗེའི་སྐབས་(༡༩༦༦-༧༦)དགོན་པ་གཏོར་བཤིག་བཏང་བ་དང་། གྲྭ་བཙུན་བཙོན་འཇུག་བྱས་པ། ཆོས་ཉམས་ལེན་བྱེད་རྒྱུར་བཀག་སྡོམ་བྱས་པ་རྣམས་ཡིག་ཆར་ཁ་གསལ་འཁོད་ཡོད། དེ་ལྟར། མའོ་ཙེ་ཏུང་གི་དུས་སྐབས་སུ་ཆོས་ལུགས་སྲིད་བྱུས་སྤྱི་དང་། ལྷག་པར་དུ་བོད་ནང་ལག་སྟར་བྱེད་པའི་ཆོས་ལུགས་སྲིད་བྱུས་ནི་མར་ཁེ་སིའི་ལྟ་གྲུབ་ཀྱིས་ཁ་ལོ་བསྒྱུར་བ་ཞིག་མ་ཡིན་པར། རྒྱལ་ནང་གི་ཆབ་སྲིད་བརྟན་ལྷིང་དང་། རྒྱལ་ཁབ་བདེ་འཇགས་གཙོ་བོར་བཟུང་སྟེ་ཁ་ལོ་བསྒྱུར་ཡོད་ཅིང་། དེ་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྗེས་འབྲེལ་གྱི་ཆོས་ལུགས་སྲིད་བྱུས་ཀྱི་གཞི་རྩའི་ཀ་བ་གཙོ་བོར་གྲུབ་ཡོད།
མའོ་འདས་པའི་རྗེས་སུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་བྱུས་རིམ་པ་གཉིས་པ་འགོ་ཚུགས། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་དབུས་གཞུང་གིས་རིག་གནས་གསར་བརྗེའི་སྐབས་སུ་རྒྱ་ནག་ནང་ཆོས་ལུགས་ཐོག་དྲག་གནོན་དང་། དགོན་སྡེ་གཏོར་བཤིག་ཚབས་ཆེན་བྱུང་བར་ངོས་ལེན་གཙང་མ་བྱས་ཏེ། ང་ཚོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རིམ་ནང་གི་ཆོས་ལུགས་དཀའ་རྙོག་སྐོར་གྱི་གཞི་རྩའི་ལྟ་ཚུལ་དང་སྲིད་བྱུས།(The Basic Viewpoint and Policy on the Religious Question during Our Country’s Socialist Period) ཞེས་པའི་གྲོས་ཆོད་གལ་ཆེན་ཞིག་གཏན་འབེབས་བྱས་ཤིང་། དེར་ཡོངས་གྲགས་སུ་ཡིག་ཆ་ཨང་ ༡༩ ཞེས་ཟེར་ལ། དེ་ཉིད་དེང་ཞའོ་ཕིང་གི་འོག་ཏུ་བོད་བརྒྱུད་ནང་བསྟན་ཐེ་བའི་ཆོས་ལུགས་སྲིད་བྱུས་ཡོངས་ཀྱི་ལམ་སྟོན་གསར་པ་ཞིག་ཏུ་གྱུར། ཡིག་ཆ་ཨང་ ༡༩ པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་གི་ཆོས་ལུགས་ཀྱི་གནས་སྟངས་དང་། ཆོས་ལུགས་ཀྱི་རྣམ་གྲངས། ས་མཚམས་ཁུལ་གྱི་མི་རིགས་ཀྱི་གནད་དོན་སྐོར་གསལ་སྟོན་བྱས་ཡོད། དེ་བརྒྱུད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྐྱར་ཞིབ་ཟིན་པའི་ཆོས་ལུགས་སྲིད་བྱུས་དང་འབྲེལ་གཞི་རྩའི་དྲི་བ་ཞིག་བཏོན་ཡོད་པ་སྟེ། རྒྱལ་ཁབ་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ། དེ་བཞིན་རྒྱལ་སྤྱིའི་འབྲེལ་བ་ཡར་རྒྱས་གཏོང་བཞིན་ཕྱི་རྒྱལ་གྱི་དགྲ་བོའི་ཤུགས་རྐྱེན་ལ་ངོ་རྒོལ་བྱེད་པའི་སྐབས་སུ། ཆོས་ལུགས་ཀྱི་གནད་དོན་འདི་ཚུལ་དང་ལྡན་པའི་ཐོག་སེལ་ཐུབ་བམ། ཞེས་པ་དེ་ཡིན། དེང་ཞའོ་ཕིང་གིས་མའོ་ཙེ་ཏུང་གིས་བྱས་པ་བཞིན། རྒྱལ་ནང་གི་སྤྱི་ཚོགས་བརྟན་ལྷིང་དང་། རྒྱལ་སྤྱིའི་རྒྱལ་ཁབ་བདེ་འཇགས་ཀྱི་ཆ་གཉིས་ཀར་ངོས་ལེན་བྱས་ཏེ། བསྒྱུར་བཅོས་སྒོ་འབྱེད་ཀྱི་སྲིད་བྱུས་གསར་པའི་དགོས་མཁོ་དང་མཐུན་པའི་ཆོས་ལུགས་སྲིད་བྱུས་བསྐྱར་བཅོས་བྱས།
རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ངོས་ལེན་ཡོད་པའི་ཆོས་ལུགས་ཚོགས་ཁག་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་སླར་གསོ་བྱེད་པར་ཆོག་མཆན་སྤྲད་ཀྱང་། དེ་ལྟ་བུའི་སླར་གསོའི་ལས་གཞིར་ཚད་བཀག་གསལ་པོ་བཟོས་ཡོད། ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལེའུ་གཉིས་པའི་དོན་ཚན་སོ་དྲུག་པའི་ནང་དུ་ཆོས་དད་རང་དབང་ལ་རྩ་ཁྲིམས་ཀྱི་སྲུང་སྐྱོབ་སྤྲད་ནའང་། ཆོས་ལུགས་སྒྲིག་འཛུགས་ཁག་ནས་ཞིང་བྲན་རིང་ལུགས་ཀྱི་ཁེ་དབང་སླར་གསོ་བྱེད་པ་དང་། ཆོས་ལུགས་ཀྱི་རྒྱུ་མཚན་འོག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་ངོ་རྒོལ་བྱེད་པ། ཡང་ན་རྒྱལ་ཁབ་བམ་མི་རིགས་ཀྱི་མཐུན་སྒྲིལ་ལ་དོ་ཕོག་གཏོང་མི་ཆོག་པའི་བཀའ་ཕབ།
གཞི་རྒྱ་ཆེ་བའི་ཆོས་ལུགས་སྲིད་བྱུས་འདིའི་འོག་ཏུ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་དུ་འབྲེལ་བ་བསྐྱར་གསོ་བྱ་འགོ་བཙུགས་ཏེ། ཕྱི་ལོ་ ༡༩༧༩ ལོར་དེང་ཞའོ་ཕིང་གི་ཆོག་མཆན་འོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁོང་གི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་བརྒྱུད་འབྲེལ་བ་བསྐྱར་གསོ་བྱས་ཤིང་། པེ་ཅིན་གཞུང་གིས་༸གོང་ས་མཆོག་བོད་དུ་ཕྱིར་ཕེབས་ན། བོད་ནང་རྒྱ་ནག་གི་དབང་བསྒྱུར་དེ་སྲ་བརྟན་དུ་འགྲོ་ངེས་པའི་ཡིད་ཆེས་བྱས་ཡོད། རྒྱལ་ལོ་དོན་གྲུབ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་ཚབ་ཚོགས་པའི་ཞིབ་འཇུག་གྲོས་མོལ་ཐེངས་གཉིས་(༡༩༨༢ དང་ ༡༩༨༤ ལོར་)ཀྱི་འགོ་ཁྲིད་གནང་། འོན་ཀྱང་དེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་མཆོག་དབར་གྱི་གྲོས་མོལ་རྒྱ་ཆེ་བ་ཞིག་ཏུ་འཁྲིད་མ་ཐུབ། དེའི་རྗེས་སུ་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༨༨ ཟླ་བ་དྲུག་པར་ཡུ་རོབ་གྲོས་ཚོགས་ཀྱི་སི་ཏར་སི་སྦག་ཏུ་གསུང་བཤད་གནང་སྟེ། བོད་དོན་རྒྱལ་སྤྱིར་ཁྱབ་བསྒྲགས་གནང་བ་བརྒྱུད་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་དང་། དེའི་ལན་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་༸གོང་ས་མཆོག་ལ་"ཁ་བྲལ་རིང་ལུགས་པ་"ཞེས་མིང་བཏགས། འོན་ཀྱང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་བརྒྱུད་ནང་བསྟན་ལ་འཛིན་པའི་སྲིད་བྱུས་དེ་སྤྱི་ཡོངས་ཀྱི་ཆོས་ལུགས་སྲིད་བྱུས་དང་མཐུན་པར་གནས་ཤིང་། དོན་དངོས་སུ་ཕྱི་ལོ་ ༡༩༨༠ ལོ་རབས་ནས་བཟུང་། རྒྱ་ནག་གིས་བོད་མི་ཚོའི་སེམས་ནང་ཆོས་ལུགས་དང་། ༸གོང་ས་མཆོག་གི་ཤུགས་རྐྱེན་དུས་ཀྱི་འགྲོས་དང་བསྟུན་ནས་ཇེ་ཆུང་དུ་གཏོང་ཆེད། བོད་དེ་རྒྱ་ནག་གི་ཆ་ཤས་གཞན་དང་མཉམ་དུ་དཔལ་འབྱོར་གྱི་ཐོག་ནས་ཟླ་སྒྲིལ་བྱ་རྒྱུ་གལ་གནད་ཆེན་པོར་བརྩིས།
ཕྱི་ལོ་ ༡༩༩༠ ཙམ་ནས་བཟུང་རྒྱ་ནག་ནང་ཆོས་ལུགས་སླར་གསོའི་ལས་གཞི་ཆེན་པོ་ཞིག་འགོ་བཙུགས་པ་དང་མཉམ་དུ། ཕྱི་ལོ་ ༡༩༩༡ ལོར་དམར་ཤོག་ཚོགས་པའི་དབུས་ལས་ཁུངས་ནས་ཡིག་ཆ་ཨང་ ༦ ཞེས་པ་གཏན་འབེབས་བྱས་པ་ནས་འགོ་བཙུགས་ཏེ་ཆོས་ལུགས་ལས་དོན་སྟངས་འཛིན་བྱེད་པའི་སྒྲིག་གཞི་ཁག་གཏན་འབེབས་བྱས། ཕྱི་ལོ་ ༡༩༩༤ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་ལུགས་བྱེད་སྒོ་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི་ (Regulations on Managing Religious Activities of the State Council) (ཡིག་ཆ་ཨང་༡༤༤)ནང་དུ་ཆོས་ལུགས་ཚོགས་པ་ཁག་ས་གནས་གཞུང་ལ་དེབ་སྐྱེལ་བྱེད་དགོས་པ་དང་། ཕྱི་རྒྱལ་གྱི་ཤུགས་རྐྱེན་ལས་འཛེམས་དགོས་པའི་ཁས་ལེན་བྱེད་དགོས་པར་བཟོས་ཤིང་། ཕྱི་ལོ་ ༡༩༩༥ ལོར་(ཕ་ལུན་གོང་ཐེ་བའི་)ཆོས་ལུགས་ཚོགས་པ་བཅོ་ལྔ་ "ལྟ་བ་ངན་པ་"རུ་ངོས་འཛིན་བྱས་ནས་བཀག་སྡོམ་བྱས། ཕྱི་ལོ་ ༡༩༩༧ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གྱི་རྒྱབ་ཤ་དཀར་པོ་ཞིག་བཏོན་པ་དེའི་ནང་དུ་ཆོས་ལུགས་ཀྱི་བྱེད་སྒོ་ཁྲིམས་ལུགས་ཀྱི་སྒྲོམ་གཞིའི་ནང་དུ་སྤེལ་དགོས་པར་བཤད། སྒྲིག་གཞི་དམ་དུ་བཏང་ཡང་། གལ་སྲིད་ཆོས་ལུགས་ཚོགས་པ་ཁག་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཅུས་(State Religious Affairs Bureau )དང་པེ་ཅིན་གྱིས་ཆོག་མཆན་སྤྲད་པའི་རྒྱལ་གཅེས་ཆོས་ལུགས་ཚོགས་པའི་ལམ་སྟོན་འོག་ལས་དོན་སྤེལ་ན་དེར་བཟོད་བསྲན་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༠༡ ལོའི་ཟླ་བཅུ་གཉིས་པར་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་སྐབས་སུ། ཅང་ཙེ་མིན་གྱིས་ཆོས་ལུགས་ཁག་ལ་"ལམ་སྟོན"མང་དུ་གཏོང་དགོས་པ་དང་། དེ་དང་མཉམ་དུ་ལས་བྱེད་པ་ཚོས་དམར་ཤོག་ཚོགས་པའི་ཆོས་ལུགས་སྲིད་བྱུས་ཀྱི་གཞི་རྩའི་དགོངས་དོན་ལ་མཐའ་གཅིག་ཏུ་གནས་དགོས་པ་ལས། འཛིན་སྐྱོང་གི་ཐབས་ལམ་བརྒྱུད་ནས་རྒྱ་ནག་ནང་གི་ཆོས་ལུགས་རྩ་མེད་བཟོ་མི་ཆོག་པའི་དྲན་སྐུལ་བྱས། ཆོས་ལུགས་ལ་འཛིན་པའི་བཟོད་བསྲན་གྱི་ཐབས་ལམ་འདི་བོད་བརྒྱུད་ནང་བསྟན་ལ་འཛིན་པའི་དམར་ཤོག་ཚོགས་པའི་སྲིད་བྱུས་ནང་དུའང་མངོན་ཞིང་། དེ་ཡང་ཅང་ཙེ་མིན་སྲིད་འཛིན་གྱི་དུས་སྐབས་སུ་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གཞུང་འབྲེལ་མིན་པའི་འབྲེལ་བ་བསྐྱར་གསོ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་དགུ་པ་ནས་བཟུང་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་འགྱུར་ཁང་དང་༸གོང་ས་མཆོག་གི་སྐུ་ཚབ་གཙོ་བོ་བློ་གྲོས་རྒྱལ་མཚན་ལགས་དབར་གཞུང་འབྲེལ་གྱི་གྲོས་མོལ་འགོ་བཙུགས།
ཅང་གི་རྗེས་འཇུག་ཧུའུ་ཅིན་ཐའོ་ཡི་འོག་ཏུ་རྒྱ་ནག་གི་སྤྱི་ཡོངས་ཆོས་ལུགས་སྲིད་བྱུས་ལ་འཕོ་འགྱུར་ཐེབས་ཏེ། ཆོས་ལུགས་རང་དབང་ལ་དམ་དྲག་ཆེ་རུ་གཏོང་བའི་རྟགས་མཚན་དང་པོ་དེ་ཕྱི་ལོ་ ༢༠༠༤ ལོར་རྒྱལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀའ་རྒྱ་ཨང་༤༢༦(ཡིག་ཆ་ཨང་༦)"ཆོས་ལུགས་ལས་དོན་སྒྲིག་གཞི"(The Regulations on Religious Affairs)ཞེས་པ་གཏན་འབེབས་བྱས་པ་དེ་རེད། སྒྲིག་གཞི་འདིའི་ནང་དུ་རྒྱ་ནག་ནང་གི་ཆོས་ལུགས་དེ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་བར་བེད་སྤྱོད་བྱེད་མི་ཆོག་པ་(དོན་ཚན་༣ པ།)དང་། ཆོས་ལུགས་སྒྲིག་འཛུགས་གསར་པ་འཛུགས་རྒྱུར་བྱ་རིམ་དམ་དུ་བཏང་བ། ཆོས་ལུགས་བྱེད་སྒོ་སྤེལ་བར་དམ་དྲག་ཆེ་རུ་བཏང་བ།(དོན་ཚན་༨ དང་༡༢) ཆོས་ལུགས་དབུ་ཁྲིད་རྣམས་ལ་ངེས་པར་དུ་སྔོན་ལ་གཞུང་གི་ངོས་ལེན་ཐོབ་དགོས་པ་(དོན་ཚན་༢༩)བཅས་གཏན་འབེབས་བྱས།
བོད་བརྒྱུད་ནང་བསྟན་ལ་མཚོན་ན། ཕྱི་ལོ་ ༢༠༠༤ ལོའི་སྒྲིག་གཞི་འདི་གལ་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་བླ་ཆེན་རྣམས་ཀྱི་འདེམས་སྒྲུག་ཐད་ལ་སྒྲིག་གཞི་བཟོས་ཏེ་ལག་བསྟར་བྱས་པ་དང་པོ་ཡིན། ཡིག་ཆ་ཨང་ ༦ པའི་དོན་ཚན་ ༢༧ པའི་ནང་དུ་"བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་དེ་ནང་པའི་ཚོགས་པ་ཁག་གི་ལམ་སྟོན་འོག་ཆོས་ལུགས་ཀྱི་ཆོ་ག་ཕྱག་ལེན་དང་སྲོལ་རྒྱུན་གྱི་ལམ་ནས་བྱེད་དགོས་ཤིང་། དེ་ནས་མི་མང་སྲིད་གཞུང་གི་ཆོས་ལུགས་ལས་ཁུངས་ལ་སྙན་སེང་ཞུ་དགོས།"ཞེས་བཀོད། འདི་ནི་དབུས་འགོ་ཁྲིད་ཚོས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་རྣམས་ཀྱི་ཡང་སྲིད་ལ་དོ་སྣང་བྱེད་འགོ་བཙུགས་པའི་རྟགས་མཚན་དང་པོ་དེ་རེད། ཕྱི་ལོ་ ༢༠༠༤ ལོའི་སྒྲིག་གཞིའི་ནང་དུ་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་སྟངས་ཐད་ལ་བྱེད་ཐབས་ངེས་ཅན་ཞིག་བཀོད་མེད་ཀྱང་། དོན་ཚན་ ༢༧ པ་དེས་རྗེས་སུ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བྱེ་བྲག་པ་ཞིག་གཏན་འབེབས་བྱེད་པའི་རྨང་གཞི་བཏིང་ཡོད།
ཕྱི་ལོ་ ༢༠༠༧ ལོར་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཅུས་(State Religious Affairs Bureau )ཀྱིས་བཀོད་ཁྱབ་ཨང་ལྔ་པ་"བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི"(Measures on the Management of the Reincarnation of Living Buddhas of Tibetan Buddhism)ཞེས་པ་བཏོན་པ་དེས། དབུས་གཞུང་གིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དང་བསྐོ་བཞག་གི་བརྒྱུད་རིམ་ཡོངས་རྫོགས་ལ་སྟངས་འཛིན་བྱ་རྒྱུའི་འདུན་པ་ཡོད་པ་གསལ་པོ་བསྟན། སྒྲིག་གཞིའི་ནང་དུ་བོད་ནང་གི་དགོན་སྡེ་དེབ་སྐྱེལ་ཟིན་པ་ཁོ་ནས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཆེད་ཞུ་སྙན་འབུལ་ཆོག་པ་(དོན་ཚན་༣)དང་། གཞུང་གི་ཆོག་མཆན་མེད་པར་སྤྲུལ་སྐུའི་ཡང་སྲིད་འཚོལ་བའམ་ངོས་འཛིན་དང་འབྲེལ་བའི་ལས་དོན་གང་ཡང་སྤེལ་མི་ཆོག་པ(དོན་ཚན་༧། གཞུང་གི་ཆོག་མཆན་སྔོན་ཐོབ་མེད་པར་སྤྲུལ་སྐུའི་འོས་མི་འཚོལ་མཁན་གྱི་མི་སྒེར་རམ་ཚོགས་པ་སུ་འདྲ་ཞིག་ཡིན་རུང་ནག་ཉེས་བསགས་པར་ངོས་འཛིན་གྱིས་ཉེས་ཆད་ནན་མོ་གཅོད་རྒྱུ་(དོན་ཚན་༡༡)བཅས་གསལ་པོར་བཀོད་ཡོད། དེའི་ཐོག་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པའི་སྤྲུལ་སྐུ་དཔེར་ན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྟ་བུ་རྣམས་ངེས་པར་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐོ་རིམ་སྲིད་གཞུང་གི་སྡེ་ཚན་ནས་ཆོག་མཆན་ཐོབ་དགོས་པ་(དོན་ཚན་༥ དང་༩)གསལ་པོར་བཀོད་ཡོད་ལ། དེ་ལྟར་ཕྱི་ལོ་ ༢༠༠༧ ལོའི་ཟླ་བ་དགུ་པའི་ཚེས་གཅིག་ནས་བཟུང་སྤྲུལ་སྐུ་ཡིན་ནོ་ཅོག་གི་ཡང་སྲིད་ངོས་འཛིན་བྱེད་སྒོ་ཡོངས་རྫོགས་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་འོག་ཏུ་ཚུད།
དམར་ཤོག་ཚོགས་པས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཐད་སྒྲིག་གཞི་བྱེ་བྲག་པ་ཞིག་གཏན་འབེབས་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི། ༸གོང་ས་མཆོག་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དབར་གྱི་འབྲེལ་མཐུད་ལ་མདུན་སྐྱོད་མ་བྱུང་བ་དེ་ཡིན། ༸གོང་ས་མཆོག་གི་གྲོས་མོལ་སྐུ་ཚབ་གཙོ་བོ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་ཀྱིས་གསུངས་པ་ལྟར་ན། ཁོང་གིས་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་གྲོས་མོལ་ཐེངས་དགུ་གནང་བའི་ནང་ནས། ཕྱི་ལོ་ ༢༠༠༥ ལོའི་ཟླ་བདུན་པའི་གྲོས་མོལ་ཐེངས་བཞི་པའི་བར་དུ་ཕྱོགས་གཉིས་ཀར་འདོད་བློ་ཁེངས་པ་ལྟ་བུ་བྱུང་ཡང་། དེའི་རྗེས་སུ་རྒྱ་ནག་གི་ལངས་ཕྱོགས་མཁྲེགས་སུ་ཕྱིན་པ་དང་། ༸གོང་ས་མཆོག་གི་ཐོག་ལ་རྒྱུན་མཐུད་དེ་དྲིལ་བསྒྲགས་ལོག་པའི་ལས་འགུལ་སྤེལ་འགོ་བཙུགས་ཡོད་སྐོར་གསུངས། མཁྲེགས་འཛིན་གྱི་ལངས་ཕྱོགས་འདི་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ཞི་རྒོལ་རྒྱ་ཆེན་པོ་བྱུང་བའི་དུས་སྐབས་དང་མཉམ་དུ་འཁེལ་ཞིང་། གནས་ཚུལ་འདི་དག་གིས་༸གོང་ས་མཆོག་གིས་རྒྱ་ནག་གི་ཆ་རྐྱེན་ལ་མོས་མཐུན་གནང་རྒྱུའི་གོ་སྐབས་ཉུང་དུ་བཏང་། དེ་ལྟར་གྲོས་མོལ་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་རེ་བ་ཇེ་ཆུང་དུ་ཕྱིན་པ་དང་། ༸གོང་ས་མཆོག་དགུང་ལོ་མཐོ་རུ་ཕྱིན་པའི་གནས་སྟངས་གཉིས་ལ་བརྟེན་ནས་སྲིད་བྱུས་ལ་འགྱུར་བ་ཕྱིན་ཡོད་པར་མངོན། གཅིག་བྱས་ན་རྒྱ་ནག་གི་དབུ་ཁྲིད་ཚོས་ཕྱི་ལོ་ ༡༩༩༠ ལོ་རབས་ཀྱི་འགོ་སྟོད་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་ངོས་འཛིན་ཐད་རྙོག་གྲ་བྱུང་བ་ཕྱིར་དྲན་གྱིས་༸གོང་ས་མཆོག་གི་ཡང་སྲིད་འཚོལ་བའི་དུས་ལ་བབ་དུས་དེ་འདྲའི་རྙོག་གྲ་མི་ཡོང་བའི་སྔོན་འགོག་བྱེད་པའང་ཡིན་སྲིད།
ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་རྒྱ་ནག་གི་ད་ལྟའི་འགོ་ཁྲིད་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་ནང་གི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་རྫོགས་ལ་དམ་དྲག་ཤུགས་ཆེ་རུ་བཏང་། འདི་ནི་ཁོང་གིས་དམར་ཤོག་ཚོགས་པའི་དབང་ཆ་སླར་གསོ་བྱེད་པ་དང་། དམར་ཤོག་ཚོགས་པའི་དབང་སྒྱུར་ལ་གནོད་པའི་བསམ་བློ་འཁྱེར་མཁན་གྱི་ “ངན་ཤུགས་”རྣམས་འགོག་རྒྱུའི་གཞི་རྒྱ་ཆེ་བའི་འཆར་གཞིའི་ཆ་ཤས་ཤིག་ཡིན། ཕྱི་ལོ་ ༢༠༡༣ ལོའི་ལོ་མགོར་བཏོན་པའི། ད་ལྟའི་ལྟ་བའི་ཁྱབ་ཁོངས་ཀྱི་གནས་སྟངས་སྐོར་གྱི་གསལ་བསྒྲགས་(The Communique on the Current State of the Ideological Sphere )(ཡིག་ཆ་ཨང་༩ ཡང་ཟེར)ནང་དུ་"མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་བེད་སྤྱོད་བྱས་ནས་རྒྱ་ནག་དབྱེ་འབྱེད་དང་གཏོར་བཤིག་གཏོང་བ་"དེ་དམར་ཤོག་ཚོགས་པའི་ཡུན་རིང་གི་དབང་སྒྱུར་ལ་གདོང་ལེན་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་དང་སྦྲགས་དེར་གདོང་ལེན་བྱེད་པའི་ཐབས་ལམ་བསྟན་ཡོད། ཕྱི་ལོ་ ༢༠༡༥ ལོའི་ཟླ་བ་ལྔ་པར་ཁོང་གིས་འཐབ་ཕྱོགས་གཅིག་འགྱུར་ཁང་གི་ཚོགས་འདུ་བསྐོང་འཚོགས་བྱས་ཏེ་རྒྱ་ནག་གི་ཆོས་ལུགས་རྣམས་"རྒྱ་ནག་ཅན་དུ་བསྒྱུར་"དགོས་པའི་འབོད་སྐུལ་མངོན་གསལ་དོད་པོས་བྱས་པ་དང་། འབོད་སྐུལ་དེ་ཕྱི་ལོ་ ༢༠༡༦ ལོའི་ཟླ་བཞི་པའི་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་སྐབས་སུའང་བསྐྱར་ཟློས་བྱས། ཞི་ཅིན་ཕིང་གིས་བརྒྱུད་རིམ་འདི་ཁྲིམས་ལུགས་བརྒྱུད་ནས་དོ་དམ་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་བྱས་པ་མ་ཟད། རྒྱལ་ཡོངས་ཆོས་ལུགས་ལས་དོན་(State Administration for Religious Affairs)གྱི་འགན་འཛིན་ཝང་ཙོ་ཨན་གྱིས་རྒྱ་ནག་ནང་གི་ཆོས་ལུགས་རྣམས་"ས་གནས་ཅན་དུ་བསྒྱུར་བའི"བརྒྱུད་རིམ་ཐོག་ལམ་སྟོན་བྱེད་དགོས་པར་བཤད་དེ། དེའི་རྗེས་སུ་ཁྲིམས་དང་སྒྲིག་གཞི་དོན་ཚན་མང་པོ་བཏོན་ཡོད།
ཕྱི་ལོ་ ༢༠༡༨ ལོའི་ཟླ་གཉིས་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོས་ལུགས་ཚོགས་པ་དང་། དགེ་རྒན། སློབ་གྲྭ་ཡོངས་རྫོགས་གཞུང་གི་ལས་ཁུངས་སུ་དེབ་སྐྱེལ་བྱེད་དགོས་པ་དང་། ཆོས་ལུགས་སློབ་གྲྭ་གསར་འཛུགས་དང་། མི་མང་འདུ་འཛོམས། ས་གནས་སུ་ཆོས་ཀྱི་སློབ་ཁྲིད་དང་བྱེད་སྒོ་གཞན་སྤེལ་བར་སྔོན་ཚུད་ནས་ཆོག་མཆན་ངེས་པར་དུ་ཞུ་དགོས་པ་བཟོས། ཕྱི་ལོ་ ༢༠༢༠ ལོའི་ཟླ་གཉིས་པར་"ཆོས་ལུགས་ཚོགས་པ་ཁག་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི་"(Measures for the Administration of Religious Groups )ཞེས་པ་བཏོན་ཞིང་། དེའི་ནང་དུ། ཆོས་ལུགས་ཚོགས་པ་ཡོངས་རྫོགས་ཀྱིས་ཕྱི་ལོ་ ༢༠༡༨ ལོའི་སྒྲིག་གཞིའི་དགོངས་དོན་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་པ་ཙམ་མིན་པར་"ངེས་པར་དུ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་ལེན་བྱེད་དགོས་པ་"(དོན་ཚན་༥)དང་། དེ་བཞིན་ས་གནས་དང་དབུས་གཞུང་གི་ལྟ་རྟོག་དང་། ཞིབ་བཤེར། འཛིན་སྐྱོང་བཅས་ངེས་པར་དུ་དང་ལེན་བྱེད་དགོས་(དོན་ཚན་༦)པ། དམར་ཤོག་ཚོགས་པའི་བཀོད་ཁྱབ་དང་སྲིད་བྱུས་ཁག་ཡོངས་བསྒྲགས་བྱེད་པ། དད་ལྡན་པ་རྣམས་ལ་སློབ་གསོ་དང་ལམ་སྟོན་བྱས་ནས་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་དུ་འཇུག་དགོས་པ་(དོན་ཚན་༡༧)། དམིགས་ཡུལ་འདིའི་ཆེད་དུ་སློབ་སྦྱོང་གི་ལམ་ལུགས་གཏན་འབེབས་བྱེད་དགོས་པ་(དོན་ཚན་༢༥)བཅས་གཏན་འབེབས་བྱས་ཡོད།
ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་སྒྲིག་གཞི་རེ་རེ་བཞིན་གཏན་འབེབས་བྱས་ཏེ་རྒྱ་ནག་ནང་གི་ཆོས་ལུགས་ཀྱི་བྱེད་སྒོར་དམ་དྲག་ཆེ་རུ་བཏང་བ་དང་། ཆོས་ལུགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་བར་གནོན་ཤུགས་སྤྲད། སྒྲིག་གཞི་འདི་དག་གི་ནང་དུ་གཞུང་གི་ཆོག་མཆན་མེད་པར་རྒྱལ་ནང་གི་དྲ་རྒྱའི་ནང་སྤེལ་བའི་ཆོས་ལུགས་ཀྱི་གནས་ཚུལ་ཁྱབ་སྤེལ་བྱེད་མི་ཆོག་པ་(དྲ་རྒྱའི་ཆོས་ལུགས་གནས་ཚུལ་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི། ༢༠༢༡ ལོའི་ཟླ་༣ (Measures for the Administration of Internet Religious Information Services, March 2021)མ་ཟད། གཞུང་ལ་ཆོས་ལུགས་སྒྲིག་འཛུགས་ཁག་གི་དཔལ་འབྱོར་གནས་བབ་ལ་ལྟ་རྟོག་དམ་པོ་བྱ་རྒྱུའི་དབང་ཆ་སྤྲད་པ།(ཆོས་ལུགས་བྱེད་སྒོའི་ས་གནས་ཀྱི་དངུལ་རྩིས་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི། ༢༠༢༡ ལོའི་ཟླ་ ༦ Measures on Financial Management of Venues for Religious Activities, June 2021)། ཆོས་ལུགས་ཀྱི་སྒྲིག་འཛུགས་ཡོངས་རྫོགས་ཀྱིས་ངེས་པར་དུ་ཞི་ཅིན་ཕིང་གི་དགོངས་པ་སློབ་སྦྱོང་བྱེད་དགོས་པ་(ཆོས་ལུགས་བྱེད་སྒོའི་ས་གནས་དོ་དམ་བྱེད་ཕྱོགས་ཀྱི་སྒྲིག་གཞི། ༢༠༢༣ ལོའི་ཟླ་༩Measures for the Management of Religious Activity Venues, September 2023)བཤད་ཡོད།
རྒྱ་ནག་ནང་གི་ཆོས་ལུགས་ཀྱི་བྱེད་སྒོ་ཡོངས་རྫོགས་ལ་གཞུང་དང་དམར་ཤོག་ཚོགས་པའི་སྟངས་འཛིན་རིམ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་པ་དེ་སྒྲིག་གཞིའི་ཚིག་བརྗོད་ནང་དུའང་གསལ་པོར་མཐོང་ཐུབ། དཔེར་ན། ཕྱི་ལོ་ ༢༠༡༨ ལོའི་སྒྲིག་གཞིའི་ནང་དུ་ཆོས་ལུགས་ཚོགས་པ་ཁག་ལ་"ལམ་སྟོན"བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ལ་རྒྱབ་སྐྱོར་བྱེད་དུ་འཇུག་པ་ཞེས་པ་དང་། ཕྱི་ལོ་ ༢༠༢༠ ལོའི་སྒྲིག་གཞིའི་ནང་དུ་དེ་ལས་དབང་ཤེད་ཆེ་བའི་ཐོག་ནས་"ངེས་པར་དུ་དང་ལེན་བྱེད་དགོས"ཞེས་པ་དང་། ཕྱི་ལོ་ ༢༠༢༣ ལོའི་སྒྲིག་གཞིའི་ནང་དུ་ཐག་གཅོད་རང་བཞིན་གྱི་(དང་ལེན་ཙམ་མ་ཡིན་པར་)"ངེས་པར་དུ་མཐའ་གཅིག་ཏུ་གནས་དགོས་"པའི་ཐོག ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་དགོས་པ་བཀོད་ཡོད། འདི་དག་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་ནང་དུ་རྒྱ་ནག་ནང་གི་ཆོས་ལུགས་ཀྱི་བྱེད་སྒོས་ཆབ་སྲིད་ཀྱི་བརྟན་ལྷིང་ལ་གནོད་སྐྱོན་གཏོང་སྲིད་པས་སྟངས་འཛིན་དམ་པོ་བྱེད་དགོས་པའི་སེམས་འཚབ་ཇེ་ཆེར་འགྲོ་བཞིན་པ་མཚོན། གང་ཡིན་ཟེར་ན། ཆབ་སྲིད་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་དེ་རིན་གང་ལ་ཐུག་ཀྱང་སྲུང་སྐྱོབ་བྱ་རྒྱུ་དེ་རྒྱ་ནག་དམར་ཤོག་ཚོགས་པའི་ལངས་ཕྱོགས་གལ་ཆེ་ཤོས་ཤིག་ཡིན།
བོད་ནང་དུ་བོད་བརྒྱུད་ནང་བསྟན་གྱིས་བརྟན་ལྷིང་མེད་པ་བཟོ་སྲིད་པའི་སེམས་འཚབ་དེ་བོད་མི་རིགས་ཀྱི་ངོ་བོ་ཐ་དད་ཡིན་པ་དང་། ས་མཚམས་ཁུལ་དུ་གནས་པའི་རྐྱེན་གྱིས་ཇེ་ཆེར་གཏང་ཡོད། ཕྱི་ལོ་ ༢༠༢༠ ལོའི་བོད་ལྗོངས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྐབས་སུ། ཞི་ཅིན་ཕིང་གིས་བོད་ནང་གི་རྒྱ་ནག་གི་སྲིད་བྱུས་དེ་བདེ་འཇགས་དང་། ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་ཡིན་པ་གསལ་པོ་བཟོས་ཤིང་། དེས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་ཆེ་རུ་གཏང་རྒྱུ་ཡིན་པ་མཚོན། ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་དམར་ཤོག་ཚོགས་པའི་ལས་བྱེད་རུ་ཁག་གཏན་འཇགས་བོད་ཀྱི་དགོན་སྡེ་ཡོངས་ལ་བསྐོ་བཞག་བྱས་ཤིང་། ཕྱི་ལོ་ ༢༠༡༨ ལོའི་རྗེས་སུ་གོ་རིམ་ལྡན་པའི་ཐོག་གྲྭ་བཙུན་རྣམས་"ཆབ་སྲིད་ཐོག་ཡིད་ཆེས་འཕེར་བ་"བཟོ་རྒྱུའི་ལས་གཞི་ལག་བསྟར་བྱས། དེ་ལྟར། རྒྱ་ནག་གི་སྤྱི་ཡོངས་ཆོས་ལུགས་སྲིད་བྱུས་ཀྱི་གཞི་རྩ་ནང་ཁུལ་བརྟན་ལྷིང་ངེས་པར་དུ་འགན་ལེན་བྱེད་དགོས་པའི་སེམས་འཚབ་དེ། བོད་བརྒྱུད་ནང་བསྟན་ལ་འཛིན་པའི་སྲིད་བྱུས་ནང་མངོན་གསལ་དོད་པོ་ཡོད་ལ། བོད་ནང་དུ་མི་རིགས་དང་། ས་བབ་རྒྱུ་རྐྱེན་གྱིས་རྒྱ་ནག་གི་སེམས་འཚབ་ཇེ་ཆེར་བཏང་ཡོད་པ་རེད།
རྒྱ་ནག་གིས་ནང་ཁུལ་བརྟན་ལྷིང་གི་སེམས་འཚབ་ཀྱི་ཕྱོགས་ནས་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་དེ་༸གོང་ས་མཆོག་གི་སྐུ་ཕྲེང་རྗེས་མའི་ངོས་འཛིན་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་བྱ་རྒྱུའི་རྒྱུ་རྐྱེན་(གཅིག་པུ་དེ་མིན་ནའང་)གལ་ཆེན་པོ་ཞིག་ཡིན། །
“བོད་མི་རིགས་མུ་མཐུད་གནས་ངེས་རེད།”
“བོད་གངས་ཅན་པ་ཚོ། གནམ་ག་ཚོད་ཐིབ་ཡོད་ནའང་། སེམས་ཤུགས་ནམ་ཡང་མ་ཆག ཉི་མ་སྤྲིན་པའི་འོག་ནས་ཤར་བའི་དུས་ཤིག་ཤར་འོང་།” ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་དེབ་གསར་པའི་མཐའ་འཇུག་ཏུ་བོད་མི་མང་ལ་རེ་སྐུལ་དང་སྦྲགས་བཀའ་སྩལ་འདུག
ད་དུང་མུ་མཐུད་མགོན་པོ་མཆོག་གིས། “ང་ཚོ་ནི་དཀའ་ངལ་ལ་གདོང་ལེན་བྱེད་མཁན་གྱི་ལོ་རྒྱུས་ཡུན་རིང་ཡོད་པའི་མི་རིགས་ཤིག་རེད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་བོད་མི་རྩམ་ཟམ་པ་ཚོས་འཛམ་གླིང་གི་ཡང་ཐོག་ཏུ་གྲགས་པའི་བོད་མཐོ་སྒང་བདག་ཏུ་བཟུང་སྟེ་གནས་ཡོད། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ནང་ང་ཚོས་དཀའ་ངལ་སྣ་ཚོགས་མྱངས་ཡོད་ཀྱང་། རང་གི་ངོ་བོ་མཚོན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་གཅེས་སྲུང་བྱས་ཡོད། དེང་སང་གི་རྒྱ་ནག་དམར་ཤོག་གཞུང་གི་བཙན་འཛུལ་གྱི་དུས་སྐབས་ནག་པོ་འདི་མཐའ་མེད་པ་ལྟར་སྣང་ཡང་། ང་ཚོའི་ལོ་རྒྱུས་རིང་མོའི་ནང་དུ་འདི་ནི་རྨི་ལམ་ངན་པ་ཐུང་ངུ་ཞིག་ཙམ་རེད།”ཞེས་ལམ་སྟོན་དང་འབྲེལ་སེམས་སྐུལ་མཛད་འདུག
མགོན་པོ་མཆོག་གུང་གྲངས་མཐོ་པོར་ཕེབས་པ་དང་། རྒྱ་ནག་དམར་ཤོག་གཞུང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་བཞིན་པའི་སྐབས་འདིར། མི་མང་པོས་བོད་ཀྱི་མ་འོངས་པའི་མདུན་ལམ་དང་། བོད་ཀྱི་གནད་དོན་རིམ་པས་ཡལ་འགྲོ་སྲིད་པའི་ཐད་བློ་འཚབ་བྱེད་ཀྱི་ཡོད་ནའང་། མགོན་པོ་གང་ཉིད་ནས་ཕྱག་དེབ་གསར་པའི་ནང་དུ་དེ་ལྟར་འོང་མི་སྲིད་པའི་ལུང་བསྟན་དང་སྦྲགས། ༸གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་བཞིན་དེང་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་རྣམས་གཅིག་ཏུ་སྒྲིལ་རྒྱུར་ནུས་པ་ཆེ་ནའང་། ༸གོང་ས་ཏཱ་ལའི་བླ་མའི་སྒྲིག་འཛུགས་དགའ་ལྡན་ཕོ་བྲང་ནི་ལོ་ངོ་ ༥༠༠ ཙམ་གྱི་ལོ་རྒྱུས་ལྡན་པའི་སྒྲིག་འཛུགས་ཤིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ནི་ལོ་ངོ་སྟོང་ཕྲག་ལྷག་གི་ཡིན་སྟབས། བོད་ཀྱི་རང་དབང་འཐབ་རྩོད་དེ་གནའ་བོའི་རྒྱལ་ཁབ་དང་མི་སེར་གྱི་ལས་དབང་དང་འབྲེལ་ཡོད་པས་མུ་མཐུད་གནས་ངེས་ཡིན་པ་བཀའ་གནང་འདུག
བོད་གསོན་གནས་ཐུབ་རྒྱུ་ནི་བོད་མི་ཁོ་ནའི་ཁེ་ཕན་ཆེད་མ་ཡིན་པར། བོད་ཀྱི་རིག་གཞུང་གི་གཏེར་མཛོད་དུ་ཡོད་པའི་ནང་པའི་བསླབ་བྱ་མཚོན་པའི་རིག་གནས་རྣམས་ནི་འགྲོ་བ་མི་སྤྱིའི་བདེ་དོན་ལ་ཕན་ཐོགས་ཆེན་པོ་ཡོད་ལ། ལྷག་པར་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་བོད་ཀྱི་རིག་གཞུང་དེ་འཛམ་གླིང་ནང་ཞི་བདེ་དང་། འགྲོ་བ་མིའི་བཟང་སྤྱོད་གོང་འཕེལ་གཏོང་བར་ཕན་རླབས་ཆེན་པོ་ཡོད་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་བཀའ་གནང་གི་ཡོད་ལ། རྒྱུ་མཚན་དེ་དག་ལ་བརྟེན་ནས་གང་ཉིད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ཐུགས་སྐྱེད་དམ་བཅའ་རུ་བདག་གིར་བཞེས་ཡོད། །
འོས་སྤྲུལ་གཉིས།
རྒྱ་བོད་ཞི་འགྲིག་མ་བྱུང་བར་མུ་མཐུད་གནས་ཤིང་། གལ་ཏེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཕྱི་ལོགས་སུ་སྐུ་སྐྱེ་བཞེས་པ་དང་། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་ཡང་སྲིད་གཞན་ཞིག་གདམས་ན། ༸གོང་ས་སྐུ་ཕྲེང་བཅུ་ལྔ་པའི་ཡང་སྲིད་འོས་སྤྲུལ་གཅིག་ལས་མང་བ་དུས་མཉམ་དུ་བྱུང་སྲིད།
དེ་ལྟར་བྱུང་ན། རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ལག་ཆར་བེད་སྤྱོད་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ལ་གནོན་ཤུགས་འོག རྒྱ་ནག་གིས་བདམས་པའི་འོས་སྤྲུལ་བཙན་ཤེད་ཀྱིས་ངོས་འཛིན་བྱ་འཇུག་སྲིད་ཅིང་། གལ་ཏེ་རྒྱ་ནག་གི་སྟོབས་འབྱོར་མུ་མཐུད་གོང་འཕེལ་དུ་ཕྱིན་ན། བོད་མི་དང་བོད་དོན་རྒྱབ་སྐྱོར་བས་རྒྱ་ནག་གཞུང་གིས་བཙན་ཤེད་ལ་གདོང་ལེན་བྱེད་ཐུབ་བམ།
ད་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐད་གཞུང་འབྲེལ་ལངས་ཕྱོགས་གསལ་སྟོན་བྱེད་མཁན་རྒྱལ་ཁབ་ཧ་ཅང་དཀོན་ལ། མ་འོངས་པར་སྐུའི་ཡང་སྲིད་གཉིས་བྱུང་བའི་དུས་ཤིག་ཤར་ཚེ། བོད་མི་ཚོས་རྒྱ་ནག་དང་རྒྱ་ནག་གིས་བདམས་པའི་འོས་སྤྲུལ་དེར་གདོང་ལེན་བྱེད་ཐུབ་བམ། །
གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།