འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེ་དགོས་མཁོ་ཆེ། ༧གོང་ས་མཆོག་གིས།

སྤྱི་ནོར་༧གོང་ས་མཆོག་གིས་འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེ་དགོས་མཁོ་ཆེ་བའི་སྐོར་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བགྲོ་གླེང་སྐབས་བཀའ་གནང་ཡོད་པ་རེད།

༧གོང་ས་མཆོག་དང་ལྷན་བགྲོ་གླེང་སྐབས། ༡༢།༩།༢༠ OHHDL

སྤྱི་ནོར་༧གོང་ས་མཆོག་གིས་འགྲོ་བ་མིའི་འཚོ་རྟེན་དུ་བྱམས་བརྩེ་དགོས་མཁོ་ཆེ་བའི་སྐོར་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་བགྲོ་གླེང་སྐབས་བཀའ་གནང་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ བྱམས་བརྩེ་གཞི་ལ་བཞག་པའི་སྒོམ་སྒྲུབ་ལྟེ་གནས་ཁང་གིས་གསོལ་འདེབས་ཞུས་པ་བཞིན་དྲ་ཐོག་ནས་འགྲོ་བ་མིའི་འཚོ་རྟེན་ཆེད་བྱམས་བརྩེའི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་མཛད་ཅིང་། ཨ་མི་རི་ཀའི་ཨེ་མོ་གཙུག་ལག་སློབ་ཆེན་གྱི་གཙོ་འཛིན་དང་། དེ་བཞིན་ཨ་རིའི་ནང་གི་ Walmart རང་འདེམས་མུ་འབྲེལ་ཚོང་ཁང་གི་ཚོང་བདག་གྲས་རོསྦ་དང་མེ་ལ་ནི་ཝལ་ཊན་གཉིས་ཀྱི་མཚན་ཐོག་གི་དགེ་རྩ་ཚོགས་པ་(Rob and Melani Walton Foundation)གྱི་ལྕམ་མེ་ལ་ནི་ཝལ་ཊན་དང་། སཱི་ཨེན་ཨེན་(CNN)གསར་སྤེལ་ཁང་གི ་སྨན་ལས་ཀྱི་གསར་འགོད་པ་དང་ཀླད་པའི་སྨན་པ་སཱན་ཇཱེ་གུཔྟ་ལགས་ཀྱིས་མདོ་འཛིན་པ་གནང་ཡོད་པ་རེད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཇི་ཙམ་གྱི་འཇིགས་སྣང་དང་རང་གཅེས་འཛིན་གྱི་བློ་ཤུགས་ཆེ་བ་ཡོད་པ་དེ་ཚོད་ཀྱིས་མི་ཚེའི་ནང་དཀའ་ངལ་ཆེ་བ་ཡོང་གི་ཡོད་པ་བཀའ་གནང་པ་དང་། ཡང་དེ་ལས་ལྡོག་སྟེ་བྱམས་སྙིང་རྗེའི་རང་བཞིན་གྱི་བློ་དེ་ཇི་ཙམ་གྱིས་ཉམས་ལེན་ཆེ་བ་བྱེད་པ་དེ་ཚོད་ཀྱི་སེམས་ལ་བཅོས་མིན་གྱི་ཞི་བདེ་ཡོང་ཐུབ་ཀྱི་ཡོད་པ་བཀའ་གནང་ཡོད་པ་རེད། ལྷག་པར་དུ་སེམས་ཁམས་ཞི་བདེ་དང་སེམས་མྱོང་འཕྲོད་བསྟེན་གཉིས་ཀྱི་མཐར་ཐུག་གི་འབྱུང་རྩ་ནི་སེམས་བཟང་པོ་བྱེད་རྒྱུ་དེ་རེད་ལ། འགྲོ་བ་མིའི་གཞི་རྩའི་རང་བཞིན་ནི་བྱམས་བརྩེ་ཅན་ཞིག་ཡིན་པ་དེང་གི་ཚན་རིག་པ་མང་པོས་ཀྱང་དེ་དོན་་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།
(CNN)གསར་འགྱུར་ལས་ཁང་གི་སྨན་ལས་གསར་འགོད་པ་གཙོ་བོ་དང་ཀླད་པའི་སྨན་པ་སཱན་ཇཱེ་གུཔྟ་ལགས་ཀྱིས་སཱན་ཇེ་ཀུབ་ཏཱ་(Sanjay Gupta)ལགས་ཀྱིས། དཔྱད་སྒོམ་ཉམས་ལེན་བརྒྱུད་ནས་བྱམས་བརྩེ་གོང་འཕེལ་ཇི་ལྟར་གཏོང་དགོས་སྐོར་བཀའ་འདྲི་དགོངས་སྐོར་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་རང་གཅེས་འཛིན་གྱི་བློ་དེ་སྡུག་བསྔལ་གྱི་འབྱུང་རྩ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། སྒོམ་སྒྲུབ་སྦྱོང་བརྡར་གྱི་ལམ་ནས་རང་གཅེས་འཛིན་གྱི་བློ་དེ་ཉུང་དུ་གཏོང་ཐུབ་རྒྱུ་ཡིན་པ་བཀའ་གནང་ཞིང་། དེ་ཡང་བློ་སྦྱོང་བའི་སྐབས། རང་དང་གཞན་གྱི་སྡུག་བསྔལ་མཐའ་དག་རང་ཉིད་གཅེས་འཛིན་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་དང་། བདེ་སྐྱིད་ནི་གཞན་ཕན་གྱི་བསམ་བློའི་ཐོག་ནས་ཡོང་གི་ཡོད་པ་དཔྱད་སྒོམས་ཀྱི་ཐོག་ནས་མྱོང་བ་སླེབས་ཐུབ་པ་ཞིག་བྱུང་ན་མི་སྒེར་སོ་སོའི་བསམ་བློའི་བདེ་སྐྱིད་གོང་འཕེལ་འགྲོ་རྒྱུ་མ་ཟད། ཁྱིམ་ཚང་དང་སྤྱི་ཚོགས། རྒྱལ་ཁབ། རིམ་པས་འཛམ་གླིང་ཞི་བདེ་ཡང་དེ་ནས་ཡོང་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་སྒེར་གྱི་ཐོག་ནས་ཀྱང་ཉིན་ལྟར། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་པའི་སྨོན་ལམ་འདིའི་ཐོག་ནས་ཐུགས་དམ་ཕྱག་བཞེས་གནང་གི་ཡོད་པ་ཡང་བཀའ་གནང་ཡོད་པ་རེད།
དེ་བཞིན་སྐབས་དེར་ལྕམ་(Melani Walton)ལགས་ཀྱིས། ༧གོང་ས་མཆོག་གི་ཕྱག་དེབ་གསར་པ་སྟེ་ང་ཚོའི་ཁྱིམ་གཞི་ཁོ་ན། གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཅེས་པའི་ཕྱག་དེབ་ལྗགས་རྩོམ་མཛད་པར་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། སྐུ་ཉིད་ནས་ཕྱག་དེབ་ནང་གསུངས་བར་ལྟར་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་བཀའ་སློབ་གནང་རོགས་ཞེས་ཞུས་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་དད་ཡོད་མིན་ལ་མ་ལྟོས་པར་སོ་སོའི་བསམ་དེ་ངེས་པར་དུ་དངོས་ཡོད་གནས་ལུགས་དང་མཐུན་པ་འགྲོ་དགོས་གལ་ཆེ་ཞིང་། དངོས་ཡོད་རིང་ལུགས་དང་མཐུན་པའི་བསམ་བློ་སླེབས་པར་ངའི་རྒྱལ་ཁབ་དང་། ངའི་སྤྱི་ཚོགས། ངའི་ཁྱིམ་ཚང་ཟེར་བ་སོགས་དབྱེ་འབྱེད་ཀྱི་འདུ་ཤེས་ལྡན་པའི་བསམ་བློ་དེ་དོར་ཏེ་ངེས་པར་དུ་འཛམ་གླིང་གཅིག་གི་ངོ་བོའི་ཐོག་བསམ་བློ་གཏང་དགོས་གལ་ཆེ་བ་དང་། ལྷག་པར་དུ་རང་ཉིད་ལ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དེ་སླེབས་རྒྱུར་དང་ཐོག་འཛམ་གླིང་ཁྱོན་ཡོངས་ཁྱིམ་གཞི་གཅིག་ལ་ངོས་འཛིན་བྱེད་ཐུབ་པ་ཡོང་བ་ཞིག་བཟོ་དགོས་པ་བཀའ་གནང་སོང་། འགྲོ་བ་མི་སྤྱི་ཡོངས་ལ་ཕན་བདེའི་བསམ་བློ་དེ་སླེབས་རྒྱུའི་ཆ་རྐྱེན་གཙོ་བོ་གཅིག་ནི་ཤེས་ཡོན་ལམ་ལུགས་ནང་གཞན་ཕན་དང་བྱམས་སྙིང་རྗེའི་གནད་དོན་ངོ་སྤྲོད་བྱེད་རྒྱུ་དེ་ཡིན་པ་དང་། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སློབ་གསོ་སྤྲོད་རྒྱུ་ནི་གནད་འགག་ཅན་ཞིག་ཡིན་པ་གསུངས་ཡོད་པ་རེད།
ཨེ་མོ་རི་གཙུག་ལག་སློེབ་གཉེར་ཁང་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞི་ལ་བཞག་པའི་ SEE Learning ངམ་ སྤྱི་ཚོགས་དང་ཚོར་མྱོང་། སྤྱོད་བཟང་ཅེས་པའི་བསླབ་གཞི་འཛམ་གླིང་ཁྱོན་ནང་ངོ་སྤྲོད་དང་སྦྱོར་བརྡར་སྤྲོད་མཁན་གཙོ་བོ་དེ་ཡིན་ཞིང་། དེ་ཡང་གཙོ་བོ་ཨེ་མོ་རི་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་གྲས་ཁུ་ནུ་བ་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ཀྱིས་སྣེ་ཁྲིད་པའི་བྱམས་བརྩེ་སྦྱོང་བརྡར་ལྟེ་གནས་ཁང་གིས་འགན་འཁུར་ཞུ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་ སྤྱི་ཚོགས་དང་ཚོར་མྱོང་། སྤྱོད་བཟང་བསླབ་གཞི་དབུ་འབྱེད་གནང་པ་ནས་བཟུང་ད་བར་འཛམ་གླིང་ཁྱོན་ནས་ཤེས་ཡོན་སྡེ་ཁག་ ༥༨༠༠༠ ལྔ་ཁྲི་བརྒྱད་སྟོང་ཙམ་གྱིས་མཉམ་ཞུགས་དང་ལས་དོན་སྤེལ་བཞིན་ཡོད་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་སྒྲོན་ཡོད་པ་རེད།
གཞན་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ཐོག་མཛད་འཆར་ཁོངས་ནས། ཕྱི་ཟླ་ ༡༢ ཚེས་ ༡༠ བོད་ཟླ་ ༡༠ ཚེས་ ༢༥ རྗེ་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་དུས་དྲན་དགའ་ལྡན་ལྔ་མཆོད་ཉིན་སེམས་བསྐྱེད་ཀྱི་ཆོ་ག་དང་འབྲེལ་ནས་རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org