བླ་མིང་འཛིན་པ་ཁག་གཅིག་གི་བྱ་སྤྱོད་༧གོང་ས་མཆོག་ལ་སྙན་སེང་ཞུས་འདུག

བོད་བརྒྱུད་ནང་པའི་བླ་མིང་འཛིན་པ་ཁག་གཅིག་གིས་བཙན་གཡེམ་སོགས་བྱས་པའི་བྱ་སྤྱོད་༧གོང་ས་མཆོག་ལ་སྙན་སེང་ཞུས་བ་དང་ཁོང་ཚོར་མཇལ་ཁ་སྩོལ་གནང་མཛད་རྒྱུ་ཡིན་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུཝེ་ཌེན་ནང་། ༢༠༡༨།༩།༡༢ OHHDL

བོད་བརྒྱུད་ནང་པའི་བླ་མིང་འཛིན་པ་ཁག་གཅིག་གིས་བཙན་གཡེམ་སོགས་བྱས་པའི་བྱ་སྤྱོད་༧གོང་ས་མཆོག་ལ་སྙན་སེང་ཞུས་བ་དང་ཁོང་ཚོར་མཇལ་ཁ་སྩོལ་གནང་མཛད་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་སྩོལ་ཡོང་བ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ནུབ་ཕྱོགས་ནང་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་བླ་མའི་མིང་འཛིན་པ་ཁག་གཅིག་གིས་ཚུལ་མིན་འཁྲིག་སྤྱོད་ཀྱི་བྱ་བ་སྤེལ་བའི་འོག་དཀའ་སྡུག་མྱངས་པའི་མི་སྣ་ཁག་གཅིག་ལ་ཕྱི་ཟླ་ ༩ ཚེས་ ༡༤ ཉིན་ནེ་ཐར་ལེནཌསྀ་ཡི་གྲོང་ཁྱེར་རོ་ཊེར་ཌམ་རུ་མཇལ་ཁ་སྩོལ་གནང་མཛད་རྒྱུ་ཡིན་འདུག
དེ་ཡང་ནང་པའི་བླ་མའི་མིང་འཛིན་པ་ཁག་གཅིག་གི་ས་ནས་དཀའ་སྡུག་མྱངས་པའི་མི་སྣ་ཁག་གཅིག་གིས་གཟའ་ཟླ་བའི་ཉིན་བླ་མའི་མིང་འཛིན་པ་དེ་དག་གིས་བཙན་གཡེམ་བྱས་ལུགས་དང་། ཁོང་ཚོའི་བྱ་སྤྱོད་འགོག་ཐབས་ཆེད་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་ཞིག་འགོ་བཙུགས་བྱས་ཤིང་། ད་བར་མི་གྲངས་ཆིག་སྟོང་ལྷག་གི་རྒྱབ་སྐྱོར་བྱུང་ཡོད་ལུགས་ཕྷརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ནང་པའི་བླ་མའི་མིང་འཛིན་པ་དེ་དག་གི་ཚུལ་མིན་གྱི་བྱ་སྤྱོད་འགོག་ཐབས་ཀྱི་ལས་འགུལ་སྤེལ་མཁན་ཚོས་བོད་པའི་བླ་མ་ལྔའི་མིང་དངོས་སུ་བཏོན་འདུག་ཅིང་། བླ་མའི་མིང་འཛིན་པ་དེ་དག་གིས་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་བྱ་སྤྱོད་འོག་ལུས་སེམས་གཉིས་ཀྱི་དཀའ་ངལ་མྱོང་མཁན་མི་བཅུ་གཉིས་ཀྱི་མིང་ཐོ་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཕུལ་འདུག མི་བཅུ་གཉིས་པོ་དེ་དག་ནི་ཨོསྀ་ཊི་རི་ཡ་དང་། ཨའོསྀ་ཊརེ་ལེ་ཡ། སྦེལ་ཇམ་དང་ཧྥརནསྀ། ཨ་མི་རི་ཀ་དང་ཧོ་ལེནཌ་བཅས་ནས་ཡིན་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཆོས་སྐྱབས་པ་ཚེ་བརྟན་བསམ་གྲུབ་ལགས་ཀྱིས་གློག་འཕྲིན་བརྒྱུད་བཀའ་ལན་ཞིག་གནང་འདུག་པ་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་ནང་པའི་དགེ་རྒན་ཚོས་བག་མེད་དང་ཚུལ་མིན་གྱི་ཀུན་སྤྱོད་དེ་རིགས་ལ་སྐྱོན་བརྗོད་གནང་གི་ཡོད་པར་མ་ཟད། བཟོད་ཐབས་བྲལ་བའི་བྱ་སྤྱོད་དེ་རིགས་མཚམས་འཇོག་དགོས་པ་བཀའ་གནང་གི་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་དགེ་རྒན་ཚོའི་སར་ནས་འཁྲིག་སྤྱོད་ཀྱི་དཀའ་སྡུག་མྱངས་པའི་གནས་ལུགས་གསན་སྐབས་ཧ་ཅང་ཐུགས་ཕམ་བྱུང་བ་ཡང་གསལ་བཤད་གནང་འདུག
དེང་སྐབས་འཛམ་གླིང་ནང་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་མཁན་པོ་དང་བླ་མ་ཚོས་འཁྲིག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བའི་འོག་དཀའ་སྡུག་མྱངས་པའི་གནས་ཚུལ་ཉིན་ལྟར་ཐོན་བཞིན་ཡོད་པར་མ་ཟད། རྒྱ་ནག་དང་ཀོ་རི་ཡ། ཐཡེ་ལེནཌ་སོགས་ནང་པའི་ཡུལ་གྲུ་ཁག་ནང་དགེ་འདུན་པ་ཁག་གཅིག་གིས་འཁྲིག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བའི་གནས་ཚུལ་མང་དག་ཞིག་ཐོན་བཞིན་ཡོད་པ་རེད།  
བོད་བརྒྱུད་ནང་བསྟན་གྱི་ཁོངས་སུ་ཉེ་ཆར་རིག་པ་ཆོས་ཚོགས་ཀྱི་བསོད་རྒྱལ་རིན་པོ་ཆེ་དང་། ཤམྦྷ་ལ་ཆོས་ཚོགས་ཀྱི་ས་སྐྱོང་མི་ཕམ་རིན་པོ་གཉིས་ཀྱིས་འཁྲིག་སྤྱོད་ཀྱི་བྱ་སྤྱོད་ལས་སློབ་མ་ཁག་གཅིག་ལ་ལུས་སེམས་གཉིས་ཀའི་དཀའ་ངལ་ཆེན་པོ་སྤྲད་པའི་ནག་ཉེས་བཙུགས་ནས་དབྱིན་ཡུལ་དང་ཨ་རིའི་ཁྲིམས་རྩོད་ལས་ཁུངས་ཁག་གཅིག་གིས་ཞིབ་འཇུག་བྱས་ཤིང་བསོད་རྒྱལ་རིན་པོ་ཆེའི་ཐོག་ནག་ཉེས་ཡོད་པའི་སྙན་ཐོ་ཡང་ཐོན་ཟིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org