༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་བསྩལ་བར་ཐེ་ཝན་སྲིད་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ཐེ་ཝན་ནང་མེ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་ཚེ་འདས་ཕྱིན་པ་ཚོར་མྱ་ངན་དང་བསྔོ་སྨོན་གསུང་འཕྲིན་བསྩལ་བར་ཐེ་ཝན་སྲིད་འཛིན་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག

ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡུན་ཝིན་(Tsai Ing-wen)་ལགས་ཀྱི་་(twitter)དྲ་ངོས། དྲ་བཤུས།/twitter

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་སྲིད་འཛིན་གྱི་མཚན་ཐོག་ཐུགས་གསོའི་གསུང་འཕྲིན་བསྩལ་ཏེ་ཉེ་ཆར་ཐེ་ཝན་ནང་མེ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ཁྲོད་ཚེ་འདས་ཕྱིན་པ་ཚོར་མྱ་ངན་དང་བསྔོ་སྨོན་བསྩལ་གནང་ཐེ་ཝན་སྲིད་འཛིན་མཆོག་གིས་ཐུགས་རྗེ་ཆེ་ཞུས་འདུག
ཟླ་བ་འདིའི་ཚེས་༢ཉིན་ཐེ་ཝན་ཧྭ་ལེན་དུ་མེ་འཁོར་བརྡབ་སྐྱོན་གྱི་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་ནས། མི་གྲངས་ལྔ་བཅུ་ཙམ་རྐྱེན་འདས་དང་། མི་གྲངས་ཉིས་བརྒྱ་ལྷག་ལ་རྨས་སྐྱོན་ཕོག་པའི་དོན་རྐྱེན་བྱུང་བ་དེར་། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡུན་ཝིན་(Tsai Ing-wen)གྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ནས། ཐེ་ཝན་གཞུང་དམངས་གཉིས་ལ་ཐུགས་གསོ་གནང་ཡོད། དེའི་ཐད་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡུན་ཝིན་(Tsai Ing-wen)་གྱིས་འདི་ཚེས་༦་ཉིན་(twitter)དྲ་ལམ་བརྒྱུད། ༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་བ་དང་འབྲེལ། ཐེ་ཝན་གྱི་ངོས་ནས་སྐུ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་ཐུགས་གསོའི་གསུང་འཕྲིན་བསྩལ་བ་དང་། ལྷག་པར་ཡུན་རིང་ཐེ་ཝན་མི་དམངས་ལ་རྒྱབ་སྐྱོར་གནང་བར་ཡི་རངས་བརྩི་མཐོང་ཞུ་ཞེས་འཁོད་འདུག
འདི་ཚེས་༤་ཉིན་གྱི་༧གོང་ས་མཆོག་གི་གསུང་འཕྲིན་ནང་། ཐེ་ཝན་ཧྭ་ལེན་གྲོང་ཁྱེར་ནང་མེ་འཁོར་བརྡབ་སྐྱོན་བྱུང་ནས་མི་མང་གི་ཚེ་སྲོག་ཤོར་བར་༧གོང་ས་མཆོག་གིས་ཐུགས་ཕམ་དང་། ཐེ་ཝན་ནི་ངོས་རང་ནས་ནམ་ཀུན་ཐུགས་ཉེ་བོ་གནང་ས་ཞིག་དང་། ལྷག་པར་དུ་རྐྱེན་ངན་འདིའི་རིགས་བྱུང་མཚམས་སུ་རྐྱེན་ངན་དེ་ང་ཚོ་རང་ཐོག་ཏུ་ཡོང་བ་ལྟར་གྱི་ཚོར་བ་དྲག་པོ་ཡོང་གི་ཡོད་པས། ཐེ་ཝན་གྱི་སྲིད་འཛིན་གཙོས་པའི་གོད་ཆག་དེའི་འོག་རྐྱེན་འདས་སུ་ཕྱིན་པ་ཡོངས་ཀྱི་ནང་མི་སོགས་ལ་ཐུགས་གསོ་དང་བསྔོ་བ་སྨོན་ལམ་འདེབས་ཀྱིན་ཡོད་ཅེས་གསུང་གནང་འདུག
དེ་མིན་ཐེ་ཝན་ནང་གོད་ཆག་དེ་བྱུང་མ་ཐག་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་སྣེ་ཁྲིད་དེ་བོད་པའི་དགེ་འདུན་པ་ཁག་ཅིག་གོད་ཆག་བྱུང་ཡུལ་དུ་ཆེད་ཕེབས་ཀྱིས་སྨོན་ལམ་གསུང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org