ཉི་ཧོང་ཤུ་ཆིན་ནང་པའི་གཙུག་ལག་སློབ་གྲྭར་བཀའ་སློབ།
༧གོང་ས་མཆོག་ཉི་ཧོང་གི་ཀྱོ་ཏོ་ཤུ་ཆིན་ནང་པའི་གཙུག་ལག་སློབ་གྲྭར་ཕེབས་ནས་བོད་ཀྱི་གསང་སྔགས་སྐོར་ལ་བཀའ་སློབ་གནང་འདུག
-
2014-04-10 -
-
-
༧གོང་ས་མཆོག་ཉི་ཧོང་གི་ཀྱོ་ཏོ་ཤུ་ཆིན་ནང་པའི་གཙུག་ལག་སློབ་གྲྭར་ཕེབས་ནས་བོད་ཀྱི་གསང་སྔགས་སྐོར་ལ་བཀའ་སློབ་གནང་འདུག
དེ་ཡང་ཚེས་༡༠ཉིན་སྤྱི་ནོར་༧གོང་ས་ཆེན་པོ་མཆོག་ཉི་ཧོང་གི་ཤུ་ཆིན་ནང་པའི་གཙུག་ལག་སློབ་གྲྭར་ཕེབས་ནས་བོད་ཀྱི་གསང་སྔགས་དང་འབྲེལ་བའི་སྐོར་བཀའ་སློབ་གནང་སྐབས། ༧གོང་ས་མཆོག་གིས། བོད་ནང་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཆ་ཚང་བ་གནང་མཁན་ཐོག་མ་ནི་རྒྱ་གར་གྱི་དཔལ་ན་ལནཌའི་མཁས་པ་ཞིག་དང་། ལྷག་པར་དུ་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བའི་ཐོག་ལ་ཧ་ཅང་གི་མཁས་པ་མཁན་ཆེན་ཞི་བོ་འཚོ་ཡིན་པ་དང་། བོད་ནང་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་རྩ་འཛུགས་གནང་མཁན་ཡང་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཡིན་པ་རེད་ཅེས་དང་། ད་དུང་མཁན་ཆེན་ཞི་བ་འཚོ་ནི་དགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་ཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ཀྱི་དགེ་སློང་འདུལ་བ་འཛིན་པ་ཞིག་ཡིན་པ་དང་། གཙོ་བོ་སྟོང་པ་ཉིད་དང་བྱང་ཆུབ་སེམས་ཐེག་ཆེན་གྱི་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་ཉམས་་བཞེས་གནང་པའི་ཁར་གསང་སྔགས་བླ་མེད་ཀྱི་ལམ་ཉམས་ལེན་གནང་མཁན་ཞིག་ཡིན་སྟབས་ཁོང་གིས་བོད་ནང་སྤེལ་བའི་བསྟན་པ་དེ་ཡང་ཕྱི་འདུལ་བ། ནང་བྱང་སེམས། གསང་བ་གསང་སྔགས་ཞེས་བསྟན་ཐོག་གཅིག་ལ་གསུམ་ཀ་ཉམས་ལེན་བྱ་རུང་བའི་དྲི་མ་མེད་པའི་བསྟན་པ་ཞིག་དར་སྤེལ་མཛད་ཡོད་པ་བཀའ་གནང་འདུགསང་ཉིན་ཕྱི་ཚེས་༡༡ནས་༡༢་བར་ཉིན་གྲངས་གཉིས་རིང་ཉི་ཧོང་གི་Kyoto གྲོང་ཁྱེར་ནང་ཡོད་པའི་ཀྱོ་ཏོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་དང་། སེམས་དང་སྲོག་ལྟེ་གནས་ཁང་ཐོུང་གིས་གོ་བསྒྲིགས་ཞུས་པའི་ སེམས་ཀྱི་བཀོད་པ་ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་གྲགས་ཅན་ཁག་ཅིག་དང་ལྷན་དུ་བགྲོ་གླེང་གནང་རྒྱུའི་མཛད་འཆར་ཡོད་འདུག
ཕྱི་ཚེས་༩ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་གི་Seifu Gakuen ཞེས་པའི་བུའི་སློབ་གྲ་ཞིག་ནང་ཕེབས་ནས་ གཞི་རིམ་དང་འབྲིང་རིམ་སློབ་གྲའི་སློབ་མ་ཉིས་སྟོང་ལྷག་ལ་གཞོན་སྐྱེས་ཚོར་རེ་བ་ཇི་ཡོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་ཡོད་འདུག ༧གོང་ས་མཆོག་གིས་ དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱ་རྒྱུ་དེ་གལ་ཆེ་ཡིན་ལུགས་བཀའ་གནང་ཐོག་ ད་ལྟ་ཁྱེད་རྣམས་ སློབ་ཕྲུག་ཡིན་སྟབས་ཤེས་ཡོན་སྦྱོང་གི་ཡོད་པ་རེད། གལ་སྲིད་ནང་པ་ཡིན་ན་དུས་རབས་ཉེར་ཅིག་པའི་ནང་པ་ཆགས་པ་རེད། སོ་སོས་དད་པ་བྱེད་སའི་ཆོས་དེར་ སྲེག་བཅད་བརྡར་གསུམ་གྱིས་་ངེས་པ་བརྙེད་པའི་ཐོག་ནས་དད་པ་བྱེད་རྒྱུ་དེ་གལ་ཆེ་རེད་ཅེས་བཀའ་གནང་བཞག ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ དུས་རབས་ ༢༠ པ་དེ་འཚེ་བའི་དུས་རབས་ཤིག་ཆགས་ཡོད་པ་དང་། དུས་རབས་ ༢༡ པ་འདི་བཞིན་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུའི་དུས་རབས་ཤིག་ཆགས་ཡོད་ཅེས་བཀའ་གནང་བཞག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ Kyoto གྲོང་ཁྱེར་ནང་གི་མཛད་འཆར་ཁག་གྲུབ་རྗེས་སླར་ཡང་རྒྱལ་ས་Tokyo ནང་ཕྱི་ཟླ་༤ཚེས་༡༧ཉིན་རྒྱལ་སྲས་ལག་ལེན་སོ་བདུན་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་སྩལ་གནང་རྒྱུ་ཡིན་འདུག
གསར་འགོད་པ་ཚེ་དབང་དངོས་གྲུབ་དང་སྐལ་ལྡན་བློ་གྲོས།