༧གོང་ས་མཆོག་དགུང་ལོ་བརྒྱ་དང་བཅུ་ལྷག་བར་འཚོ་བཞུགས་གནང་རྒྱུ་བཀའ་སྩལ།
སྤྱི་ནོར་༧གོང་ས་མཆོག་གིས་བོད་ཀྱི་སངས་རྒྱས་བསྟན་པ་དང་རིག་གཞུང་ཡུན་དུ་གནས་པའི་ཆེད་༧ངོས་ཀྱི་ཚེ་ཡུན་རིང་གནས་པར་འབྲེལ་བ་ཆེན་པོ་ཡོད་པས་ཕལ་ཆེར་ངོས་ལོ་བརྒྱ་དང་བཅུ་གྲངས་ཙམ་རིང་སྡོད་རྒྱུ་ཡིན་ཅེས་བཀའ་བསྩལ་བ།
- 2020-12-10
-
-
-
Your browser doesn’t support HTML5 audio
སྤྱི་ནོར་༧གོང་ས་མཆོག་གིས་བོད་ཀྱི་སངས་རྒྱས་བསྟན་པ་དང་རིག་གཞུང་ཡུན་དུ་གནས་པའི་ཆེད་༧ངོས་ཀྱི་ཚེ་ཡུན་རིང་གནས་པར་འབྲེལ་བ་ཆེན་པོ་ཡོད་པས་ཕལ་ཆེར་ངོས་ལོ་བརྒྱ་དང་བཅུ་གྲངས་ཙམ་རིང་སྡོད་རྒྱུ་ཡིན་ཅེས་བཀའ་བསྩལ་བ།
འདི་ཚེས་༡༠ཉིན་དེ་སྔ་མི་ལོ་དྲུག་བརྒྱ་ལྷག་གི་ཡར་སྔོན་དུ་བོད་ནང་འཁྲུངས་པའི་སྐྱེས་བུ་དམ་པ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་དགོངས་པ་མྱ་ངན་ལས་འདས་པའི་དུས་ཚེས་ཁྱད་པར་ཅན། ཡོངས་གྲགས་སུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ལམ་ཐོག་རྗེ་རིན་པོ་ཆེས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུད་དོན། ལམ་གཙོ་རྣམ་གསུམ་སོགས་ཀྱི་བཤད་ལུང་བརྩལ་གནང་མཛད་ཅིང་། སེམས་བསྐྱེད་བོག་ཆོག་ཀྱང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱ་ཆེའི་མི་མང་གིས་ངོས་ལ་ཧ་ཅང་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་སངས་རྒྱས་བསྟན་པ་དང་རིག་གཞུང་ཡུན་དུ་གནས་པར། ངོས་ཀྱི་ཚེ་ཡུན་རིང་གནས་རྒྱུ་དང་བྲེལ་བ་ཆེན་པོ་ཡོད་པས། ཕལ་ཆེར་ངོས་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་རྒྱུ་གཏན་འཁེལ་བ་རེད་ཅེས་བཀའ་གནང་ཡོད་པ་རེད།
གཞན་ཡང་༧གོང་ས་མཆོག་གིས་རྗེ་རིན་པོ་ཆེར་བཀྲིན་རྗེས་དྲན་ཞུ་རྒྱུ་ཡག་ཤོས་དེ་ནི་ཁོང་གིས་མཛད་པའི་གཞུང་ལུགས་ཁག་ལ་བསླབ་པ་སློབ་གཉེར་ཚུལ་བཞིན་བྱེད་རྒྱུ་དང་། དེ་བཞིན་རྗེ་རིན་པོ་རང་ཉིད་ཀྱིསྲ། མང་དུ་ཐོས་པ་དང་ཐོས་དོན་སྒྲུབ་ལ་གཞོལ་བ། རང་གི་ཉམས་མྱོང་གཞུང་ཆེན་པོའི་དགོངས་པ་དང་བསྟུན་ནས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་གདུལ་བྱ་ལ་མར་བསྟན་གནང་མཛད་པ་ལྟར། ང་ཚོ་རྗེས་འཇུག་གདུལ་བྱ་ཚོས་ཀྱང་རྗེའི་གསུང་གཏིང་ཟབ་ཡོད་པ་ཁག་ལ་ཐོས་པ་དང་ཉམས་ལེན། འཇིག་རྟེན་ཆོས་བརྒྱད་སྤང་བ་སོགས་ཉམས་ལེན་བྱ་དགོས་པ་རེད་ཅེས་བཀའ་གནང་གི་འདུག
རྗེ་རིན་པོ་ཆེའི་དགོངས་རྫོགས་ཀྱི་ཉིན་མོ་འདིར་ནམ་རྒྱུན་བཞུགས་སྒར་ཁུལ་དུ། གྲྭ་ཚང་ཁག་ནས་མཆོད་འབུལ་རྒྱ་ཆེ་དང་མི་མང་ཚོ་མཆོད་མཇལ་དུ་ཕེབས་པ་བཅས་གནང་སྲོལ་ཡོད་ནའང་། ད་ལོར་(Covid-19)ཏོག་དབྱིབས་ནད་ཡམས་ཀྱི་དབང་གིས་གྲྭ་ཚང་ཁག་ནང་མཆོད་མཇལ་གནང་མི་ཐུབ་མོད། དད་ལྡན་མི་མང་གིས་རང་རང་གི་ས་ནས་མཆོད་མེ་སྣ་ཚོགས་འབུལ་བ་དང་དགེ་སྒྲུབ་སྡིག་སྤོང་གང་ཐུབ་གནང་གི་ཡོད་པ་རེད།
རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་ནི། སྤྱི་ལོ་༡༣༥༧ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས་ཏེ། མདོ་སྔགས་གཉིས་དང་ཐེག་པ་གསུམ་གྱིས་བསྡུས་པའི་གསུང་རྩོམ་པོད་བཅོ་བརྒྱད་འབྲི་རྩོམ་གནང་ཡོད་པ་མ་ཟད། རི་བོ་དགའ་ལྡན་པའི་གྲུབ་མཐའི་སྲོལ་གཏོད་དེ། ནང་པའི་རྗེས་འཇུག་པ་སྤྱི་དང་ཁྱད་པར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ནང་། བྱས་རྗེས་དང་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཁྱད་པར་ཅན་ཞིག་ཡིན་པ་དང་། ཁོང་དགུང་ལོ་དྲུག་ཅུ་རེ་གཉིས་སྤྱི་ལོ་༡༤༡༩ལོར་དགོངས་པ་གཞན་དོན་དུ་གཤེགས་ཡོད་པ་རེད།