ཌེན་མཀ་ཕྱི་སྲིད་བློན་ཆེན་གྱིས་བོད་གནས་སྐོར་དགོངས་ཚུལ།
2012.06.15
༄༅༎ཌེན་མཀ་གི་ཕྱི་སྲིད་བློན་ཆེན་ལྦི་ལི་སོལྦན་ཌལ་མཆོག་གིས་དེ་རིང་གཟའ་པ་སངས་ཉིན་རྒྱལ་ས་ཀོ་པེན་ཧེ་གན་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཇལ་ཁྲེ་དང་མཇལ་འཕྲད་གནང་བའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་དགོངས་་ཚུལ་བཏོན་གནང་རྒྱུ་ཡིན་པ་གསུང་འདུག
ཌེན་མཀ་གི་ཕྱི་སྲིད་བློན་ཆེན་མཆོག་ནས་ཡུལ་དེའི་བརྙན་འཕྲིན་གྱི་ལས་རིམ་ཞིག་གི་ཐོག་བཀའ་མོལ་གནང་སྐབས་ ད་རེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་གནང་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ང་ཚོའི་བར་བསམ་ཚུལ་གཅིག་མཚུངས་མེད་པའི་གནས་སྟངས་དེ་རིགས་བཏོན་རྒྱུ་ཡིན་ ང་ཚོས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་ དེ་བཞིན་འབྲོག་པ་གནས་སྤོས་ཀྱི་གནད་དོན་ཐོག་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་ཅེས་གསུང་འདུག ད་དུང་ཕྱི་སྲིད་བློན་ཆེན་སོལྦན་ཌེལ་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་འཛམ་གླིང་ནང་གོ་མཚོན་ཉུང་དུ་གཏོང་རྒྱུའི་གནད་དོན་གླེང་གནང་རྒྱུ་ཡིན་ཞིང་ དེ་ཡང་ཁ་ས་གཟའ་ཕུར་བུའི་ཉིན་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་ཌེན་མཀ་གི་སྲིད་བློན་གྱི་མཚན་ཐོག་ཏུ་འབོད་སྐུལ་ཡི་གེ་ཞིག་ཕུལ་ཡོད་པའི་ནང་ ཌེན་མཀ་གཞུང་གིས་ད་རེས་རྒྱ་ནག་གི་དཔོན་རིགས་དང་མཇལ་འཕྲད་གནང་བའི་སྐབས་ རྒྱ་ནག་གཞུང་གིས་གོ་ལའི་ནང་གོ་མཚོན་ཁྱབ་གདལ་བཀག་སྡོམ་བྱེད་པའི་རྒྱལ་ཚོགས་ཀྱི་ཆིངས་ཡིག་ལ་སྲུང་བརྩི་ཞུ་དགོས་པ་ནན་སྐུལ་གནང་རྒྱུའི་འབོད་སྐུལ་ཡི་གེ་ཕུལ་ཡོད་པ་དང་འབྲེལ་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་དེའི་སྐོར་ཡང་གླེང་གནང་རྒྱུ་ཡིན་པ་མ་ཟད་ དེ་མིན་རྒྱ་ནག་གཞུང་གིས་སི་ར་ཡའི་གནད་དོན་ཐོག་གི་ལངས་ཕྱོགས་ཐོག་ལ་ཡང་བཀའ་མོལ་གནང་རྒྱུ་ཡིན་པ་གསུང་འདུག རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཇལ་ཁྲེ་ད་རེས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོའི་དང་ལྷན་དུ་ཌེན་མཀ་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་པ་ཞིག་ཡིན་པ་དང་ གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིང་ཐའོ་དང་ཌེན་མཀ་གི་སྲིད་བློན་རྣམ་གཉིས་མཇལ་འཕྲད་གནང་འཆར་ཡོད་འདུག