ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུ་ལོག་གི་གནོད་འཚེ།
2010.08.08
༄༅༎རྒྱ་ནག་གི་ནུབ་བྱང་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲུག་ཆུ་ས་གནས་ཀྱི་ས་རུད་གནོད་འཚེ་ནང་ཁྱོན་མི་གྲངས་བརྒྱ་ལྷག་རྐྱེན་འདས་སུ་ཕྱིན་པ་དང་ཁང་པ་དང་འགྲོ་ལམ་སོགས་ལ་གནོད་འཚེ་ཚབས་ཆེ་བཟོས་ཡོད་པའི་སྐོར་དེ་རིང་ཕ་རེན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་ཀན་སུའུ་ཞིང་ཆེན་གྱི་སྤྱི་ཚོགས་ལས་དོན་ཚན་པས། དེ་རིང་གི་ཕྱི་དྲོའི་ཚོུད་༤བར་དུ་འབྲུག་ཆུ་ས་གནས་ཀྱི་ས་རུད་གནོད་འཚེའི་ནང་མི་གྲངས་༡༢༧རྐྱེན་འདས་སུ་ཕྱིན་པ་དང༌། མི་གྲངས་༧༦རྨས་སྐྱོན་ཕོག་པ། ད་དུང་མི་གྲངས་ཉིས་སྟོང་ཙམ་གར་སོང་མེད་པ་གྱུར་ཡོད་པའི་སྐོར་དང༌། གཞན་ཡང་ཡུལ་མི་བཞི་ཁྲི་ལྔ་སྟོང་ལྷག་ས་གནས་གཞན་དུ་ཉེན་གཡོལ་དུ་གནས་སྤོ་བྱས་ཟིན་པ། སྡོད་ཁྱིམ་༡༢༣དང་ཁང་མིག་༣༠༠ལྷག་ས་རུད་ཀྱི་གནོད་འཚེ་བཟོས་ཡོད་པའི་གནས་ཚུལ་བཤད་ཡོད་པ་ཕེ་རིན་སི་གསར་ཤོག་ཐོག་ལུང་འདྲེན་བྱས་ཡོད་པ་རེད།
དེ་རིང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་བའོ་དང་དཔོན་རིགས་ཁག་ཅིག་པེ་ཅིང་ནས་ཐོན་ཏེ་གནོད་འཚེ་བྱུང་ཡུལ་འབྲུག་ཆུ་ས་ཁུལ་དུ་འབྱོར་ཡོད་པ་དང༌། འོན་ཀྱང་གློག་དང༌། འགྲོ་ལམ། ཁ་པར་སོགས་ཀྱི་འབྲེལ་མཐུད་ཆད་ཡོད་པ་མ་ཟད། འབྲུག་ཆུ་ས་གནས་ནང་གནས་སྡོད་མི་དམངས་ཉུང་མཐར་ཡང་ཁྲི་ལྔ་ལྷག་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་ཏེ་གྲོང་གསེབ་གཅིག་ཆ་ཚང་ས་རུད་འོག་ཏུ་སྣུབ་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི། འབྲུག་ཆུ་ས་ཁུལ་ཕྱེད་ཀ་ཙམ་ལ་གནོད་འཚེ་བྱུང་བ་ཞིག་དང༌། འདས་པའི་མི་ལོ་བཅུ་ཕྲག་གཅིག་ནང་བྱུང་མྱོང་མེད་པའི་རང་འབྱུང་གི་གནོད་འཚེ་ཚབས་ཆེ་ཤོས་ཤིག་ཡིན་པ་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།