ལྕགས་ཟམ་རྫོང་གི་ས་ཡོམ་ཁྲོད་རྐྱེན་འདས་སོང་བའི་གྲངས་༨༢བར་འཕར་འདུག
གཞན་ལྕགས་ཟམ་རྫོང་དུ་བོད་པ་མང་པོ་ཡོད་པས་འདས་གྲོངས་སོང་བ་གོ་ཐོས་བྱུང་གི་ཡོད་ན་ཡང། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ས་གནས་དང་ཕྱི་ནས་ཡོང་མཁན་གཅིག་ཀྱང་རོགས་སྐྱོར་ཆེད་གཏོང་གི་མེད་སྟབས། གནས་སྟངས་གསལ་བོ་ཞིག་སུས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་བོད་ནང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་བྱུང་།
- 2022-09-08
-
-
-
ཉེ་སྔོན་ཕྱི་ཟླ་ ༩ པའི་ཚེས་ ༥ ནས་དེ་རིང་ཕྱི་ཚེས་ ༨ བར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། བོད་ནང་གི་ལྕགས་ཟམ་རྫོང་དང་དར་རྩེ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་སོང་བ་ཁྱོན་མི་གྲངས་ ༨༢ ཟིན་ཡོད་པ་དང་། མི་གྲངས་ ༢༧༠ ལྷག་པ་རྨས་སྐྱོན་དང་། མི་ ༣༥ བོར་བརླག་ཕྱིན་ཡོད་པ་དང་། ད་ལྟའི་ཆར་མུ་མཐུད་མི་སྣ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་བཞིན་ཡོད་པ་སོགས་བཀོད་ཡོད་པ་དང་། ས་ཡོམ་ཁྲོད་འདས་གྲོངས་སོང་བའི་ཁྲོད་གཡག་རྔ་གྲོང་ཁྱེར་དུ་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། གཞན་ལྕགས་ཟམ་རྫོང་དུ་བོད་པ་མང་པོ་ཡོད་པས་འདས་གྲོངས་སོང་བ་གོ་ཐོས་བྱུང་གི་ཡོད་ན་ཡང། ད་ལྟའི་ཆར་ཏོག་དབྱིབས་རིམས་ནད་རྐྱེན་གྱིས་ས་གནས་དང་ཕྱི་ནས་ཡོང་མཁན་གཅིག་ཀྱང་རོགས་སྐྱོར་ཆེད་གཏོང་གི་མེད་སྟབས། གནས་སྟངས་གསལ་བོ་ཞིག་སུས་ཀྱང་ཤེས་རྟོགས་ཐུབ་ཀྱི་མེད་པ་བོད་ནང་གི་འབྲེལ་ཡོད་ནས་འགྲེལ་བརྗོད་གནང་བྱུང་།
བོད་ནང་གི་བོད་མི་ཚོས་དྲ་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། བོད་ནང་གི་གསེར་རྟ་བླ་རུང་སྒར་གཙོས་དགོན་པ་དང་ཚོགས་སྒེར་ནས་ས་ཡོམ་གནོད་ཐེབས་ཁུལ་དུ་རོགས་སྐྱོར་བྱེད་བཞིན་པའི་གནས་ཚུལ་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མི་སྣ་རྐྱེན་འདས་ཀྱི་ས་ཁུལ་གཙོ་བོ་ལྕགས་ཟམ་རྫོང་ཐོག་ཏུ་མི་གྲངས་ ༤༦ དང་། དར་རྩེ་མདོ་གཡག་རྔ་གྲོང་ཁྱེར་དུ་མི་གྲངས་ ༣༦ ཡོད་འདུག་ལ། གཞན་ད་ལྟའི་ཆར་གཡག་རྔ་གྲོང་ཁྱེར་གཙོས་དཀར་མཛེས་ཁུལ་ལི་ཐང་རྫོང་། འབའ་ཐང་རྫོང་སོགས་སུ་དྲག་ཆར་རྐྱེན་གྱིས་ཆུ་ལོག་བྱུང་སྟེ། མི་གྲངས་ ༢༡༡༩༡ ལྷག་གནས་སྤོ་བྱ་དགོས་བྱུང་བས། ཆུ་ལོག་རྐྱེན་གྱིས་ས་ཡོམ་གནོད་ཐེབས་ཁུལ་དུ་མྱུར་སྐྱོབ་ཐད་དཀའ་ངལ་བྱུང་གི་ཡོད་སྐོར་སོགས་བཀོད་འདུག
རྒྱ་ནག་གིས་སི་ཁྲོན་ཞིང་ཆེན་ཁོངས་གཏོགས་སུ་འབོད་བཞིན་པའི་བོད་ཤར་ལྷོའི་བརྒྱུད་དུ་ཡོད་པའི་རྒྱལ་རོང་ས་ཁུལ་དང་དར་རྩེ་མདོ་སོགས་ནི་རི་ཁུལ་དང་གཡང་གཟར་གྱི་གནས་སུ་ཡོད་སྟབས། ལོ་ལྟར་ས་ཡོམ་དང་ཆུ་ལོག་གི་གནོད་སྐྱོན་མང་དག་ཅིག་ཡོང་གི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༠༨ ལོར་ས་ཁུལ་དེ་དག་དང་ཁད་ཉེ་བའི་ཝུན་ཁྲན་གྲོང་ཁྱེར་དུ་ས་ཡོམ་ཚད་རིམ་ ༨.༢ ཅན་ཞིག་བརྒྱབ་སྟེ་མི་གྲངས་ ༦༩༢༢༧ ལྷག་རྐྱེན་འདས་དང་། མི་གྲངས་ ༡༨༠༠༠ གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། གཞན་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༨ ཉིན་གཟི་ཚ་སྡེ་དགུ་ཁུལ་དུ་ཚད་རིམ ༧.༠ ཅན་གྱི་ས་ཡོམ་བརྒྱབ་སྟེ་མི་གྲངས་ ༢༤ རྐྱེན་འདས་དང་། མི་གྲངས་ ༤༩༣ ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།