ཨ་མདོ་བླ་བྲང་གི་དགེ་འདུན་པ་བརྒྱ་ལྷག་འཛིན་བཟུང་བྱས་འདུག

བོད་མདོ་སྨད་ཨ་མདོ་བླ་བྲང་དགོན་པ་རྒྱ་མིའི་སྤྱི་བདེ་མི་སྣ་སྟོང་ཕྲག་མང་པོས་མཐའ་བསྐོར་ཞིང་དགེ་འདུན་པ་བརྒྱ་ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག

2008.05.10

༄༅༎བོད་མདོ་སྨད་ཨ་མདོ་བླ་བྲང་དགོན་པ་རྒྱ་མིའི་སྤྱི་བདེ་མི་སྣ་སྟོང་ཕྲག་མང་པོས་མཐའ་བསྐོར་ཞིང་དགེ་འདུན་པ་བརྒྱ་ལྷག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་སྟེ་ ཧ་ཅང་ཛ་དྲག་གི་གནས་སྟངས་ཤིག་གི་འོག་གནས་ཡོད་འདུག

དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ ལྟེ་གནས་ཁང་དེར་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན་ ཕྱི་ཟླ་ ༥ པའི་ཚེས་ ༧ ཉིན་སྤྱི་བདེ་མི་སྣ་ལྔ་སྟོང་ཙམ་གྱསི་ཨ་མདོ་བླ་བྲང་དགོན་པ་མཐའ་བསྐོར་ཏེ་ བློ་བུར་དུ་སྔོག་བཤེར་བྱས་འདུག་པ་དང་ ཛ་དྲག་སྔོག་བཤེར་གྱི་རྒོལ་རྡུང་དེའི་སྐབས་དགེ་འདུན་པ་བརྒྱ་དང་བཞི་བཅུ་འཛིན་བཟུང་བྱས་ཡོད་འདུག་པ་དང་ ཕྱི་ཚེས་ ༨ ཉིན་དགེ་འདུན་པ་མང་པོ་ཞིག་གིས་ཉིན་སྔོན་མར་འཛིན་བཟུང་བྱས་པའི་དགེ་འདུན་པ་དེ་དག་གློད་འགྲོལ་དགོས་རྒྱུར་ངོ་རྒོལ་རྔམ་སྟོན་ཞིག་གནང་འདུག ས་གནས་ལས་བྱེད་པས་ངོ་རྒོལ་གྱི་ལས་འགུལ་དེ་ས་གནས་གཞན་དུ་ཁྱབ་སྲིད་པའི་དྭོགས་པ་དང་ཞེད་སྣང་གི་འོག་འཛིན་བཟུང་བྱས་པའི་དགེ་འདུན་པ་གྲངས་ ༡༨ ཕུད་དེ་འཕྲལ་དུ་གློད་འགྲོལ་བཏང་འདུག་ན་ཡང་ བླ་བྲང་གི་དགེ་འདུན་པ་ཚོས་དགེ་འདུན་པ་ ༡༨ དེ་དག་ཀྱང་གློད་འགྲོལ་དགོས་རྒྱུར་མུ་མཐུད་ངོ་རྒོལ་བྱས་པའི་རྐྱེན་གྱིས་ བཀག་ཉར་འོག་ཡོད་པའི་དགེ་འདུན་པ་ ༡༨ ཀྱི་ཁོངས་ནས་ ༡༡ ཕྱི་ཚེས་ ༩ ཉིན་གློད་འགྲོལ་བཏང་ཡོད་འདུག

ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་རྗེས་ བླ་བྲང་དགོན་པར་དྲག་ཆས་ཉེན་རྟོག་པ་སྣོན་མ་བཏང་མིན་ལ་མ་བལྟས་པར་ དགེ་འདུན་པ་ཚོས་བཀག་ཉར་འོག་ཡོད་པའི་དགེ་འདུན་པ་བདུན་པོ་དེ་དག་ཡང་གློད་འགྲོལ་དགོས་རྒྱུར་ངོ་རྒོལ་གནང་ཡོད་འདུག་ན་ཡང་ ས་གནས་དབང་འཛིན་པ་ཚོས་དགོས་འདུན་དེ་འགྲུབ་རྒྱུ་མིན་པ་ཚིག་ཐག་བཅད་ནས་བརྗོད་བཞིན་ཡོད་པར་མ་ཟད་ དགེ་འདུན་པ་ཚོས་མུ་མཐུད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཚེ་དེར་གདོང་ལེན་བྱ་རྒྱུའི་ཉེན་བརྡ་ཡང་བཏང་འདུག

ཡང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་ འདི་ལོ་ཕྱི་ཟླ་ ༤ པའི་ཚེས་ ༡༧ ཉིན་ཨ་མདོ་བླ་བྲང་ཁུལ་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་རྒྱ་ནག་གཞུང་གིས་བལྟ་བསྐོར་དུ་ཁྲིད་པའི་སྐབས་ བློ་སྤོབས་ཆེན་པོས་དགེ་འདུན་པ་དེ་དག་ལ་རང་དབང་མེད་པ་དང་ ཁོང་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཕྱིར་ཕེབས་དགོས་པ་སོགས་ཀྱི་འབོད་ཚིག་བསྒྲགས་མཁན་གྱི་ཁོངས་ནས་དགེ་འདུན་པ་ ཐབས་མཁས་ལགས་དང་ བརྩོན་འགྲུས་ལགས་གཉིས་ད་ཆ་གར་སོང་ཆར་མེད་དུ་གྱུར་ཡོད་འདུག དགེ་འདུན་པ་དེ་གཉིས་ཀྱི་ནང་མིས་ས་གནས་སྤྱི་བདེ་མི་སྣའི་ལས་ཁུངས་སུ་ཁོང་གཉིས་གར་ཡོད་འདྲི་རྩད་བྱས་ཡོད་འདུག་ན་ཡང་ ཁོང་ཚོས་འདིའི་སྐོར་གང་ཡང་ཤེས་ཀྱི་མེད་ལུགས་ལན་འདེབས་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎