རྒྱ་གར་ཁྲིམས་ཁང་མདུན་འབར་རྫས་གས་གཏོར་མཁན་རྩད་ཞིབ།
2011.09.08
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཆེས་མཐོའི་ཁྲིམས་ཁང་མདུན་འབར་རྫས་ཀྱིས་གཏོར་སྐྱོན་རྗེས་མི་གྲངས་༡༢་སྲོག་སྐྱོན་དང་མི་གྲངས་༧༥་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཉེན་རྟོག་བསྐོར་བྱ་དམག་མིས་འབར་རྫས་ཀྱིས་གཏོར་སྐྱོན་གཏོང་མཁན་བྱེད་གཏེ་ལག་དམར་སུ་ཡིན་རྩད་འཚོལ་བྱེད་བཞིན་ཡོད་པ་དང། ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་ས་གནས་ཀིཤིཏ་ལྦར་ཞེས་པ་དེ་གའི་གནས་འཕྲིན་དྲྭ་ཁང་ཞིག་གི་ནང་ནས་འབར་རྫས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཨི་མེལ་གནས་འཕྲིན་བཏང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། དེ་བཞིན་འབར་རྫས་ཀྱིས་གཏོར་རྒོལ་བྱེད་ས་ནས་ཐག་རིང་མིན་པའི་ས་གནས་ཕེ་རི་རྡ་སྦའརྡ་ཞེས་པ་དེ་ནས་འགྲུལ་འཁོར་གཡུགས་བཞག་པ་ཞིག་རྙེད་སོན་བྱུང་ཡོད་པ་འགྲུལ་འཁོར་དེ་བརླག་ནས་ལོ་གཉིས་ཙམ་འགྲོ་ཡི་ཡོད་པ་དང་དེའང་དེ་སྔོན་སྤྱི་ཟླ་༥་ཚེས་༢༥་ཉིན་གྱི་འབར་རྫས་ཀྱི་གཏོར་སྐྱོན་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་པ་རེད།
འཕྲིན་གཏོང་དྲྭ་ཁང་དེའི་བདག་པོར་འདྲི་རྩད་བྱས་ཡོད་པ་དང་འབྲེལ་ཡོད་བྱེད་གཏེ་་ལག་དམར་དེའི་གཟུགས་དབྱིབས་ཁ་རིས་ངོ་མདོག་སོགས་གང་འདྲ་ཡོད་མིན་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད་པ་དང་ད་ལྟ་འཇུ་བཟུང་བྱེད་རྒྱུར་གནས་ཡོད་པ་དང་ཀི་ཤིཏ་ལྦར་ཞེས་པའི་ས་གནས་དེར་ཡོད་པའི་འཕྲིན་གཏོང་དྲྭ་ཁང་དེ་དང་ཇམ་མུ་དང་ཀ་ཤི་རྨི་རིའི་ཁུལ་གྱི་ཧར་ཀཏ་ཨུལ་ཇི་ཧརྡ་ཨལ་ཨི་སི་ལ་མི་ཞེས་པའི་ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་དེ་དང་ཡིག་འབྲེལ་བྱས་ཡོད་པ་ཉེན་རྟོག་པས་ཤེས་རྟོགས་བྱུང་ཡོད་པ་སོགས་ད་དུང་འབྲེལ་ཡོད་གནས་ཚུལ་འཚོལ་ཞིབ་ཀྱིས་འབར་རྫས་ཀྱིས་གཏོར་སྐྱོན་གཏོང་མཁན་བྱེད་གཏེ་འཇུ་བཟུང་བྱ་རྒྱུའི་ལས་འགུལ་སྤེལ་བཞིན་ཡོད་པའི་གནས་ཚུལ་ཐོན་བཞག༎