རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་སྐུའི་གྱ་སྟོན་སྲུང་བརྩི་དང་འགེྲམས་སྟོན།
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་པ།
-
2015-07-04 -
-
-
༄༅། །ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་བོད་མིའི་གཞིས་ཆགས་མཉམ་འབྲེལ་གྱི་ཐོག་ནས། ཕྱི་ཟླ་དྲུག་པའི་ཚེས་སུམ་ཅུ་ནས་འགོ་བཙུགས་ཀྱིས་ཕྱི་ཟླ་བདུན་པའི་ཚེས་བདུན་བར་ཉིན་གྲངས་བརྒྱད་ཙམ་རིང་རྒྱལ་ས་ལྡི་ལིའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་ནས། སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་སྐུ་པར་༨༠ཡོད་པའི་པར་རིས་ཀྱི་འགྲེམས་སྟོན་ཞིག་གོ་སྒྲིག་ཞུས་ཡོད་འདུག དེ་དང་ཕྱོགས་མཚུངས་འགྲེམས་སྟོན་དེའི་རིང་༧གོང་ས་མཆོག་གི་སྐུ་ཚེའི་སྐོར་གློག་བརྙན་དང་། དེ་བཞིན་གསུང་རྩོམ་གནང་བའི་ཕྱག་དེབ་ཁག་ཅིག་ཀྱང་འགྲེམས་སྟོན་ཞུས་ཡོད་པ་རེད། འགྲེམས་སྟོན་མཛད་སྒོའི་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་མཆོག་གིས་འགྲེམས་སྟོན་ངོ་སྤྲོད་གནང་བ་དང་། རྒྱ་གར་གྱི་གནད་ཡོད་དཔོན་རིགས་མང་པོ་ཞིག་ཆེད་ཕེབས་གནང་ཡོད་པ་མ་ཟད་དབུ་འབྱེད་གནང་མཁན་ལྕམ་ Dr. Kapila Vatsyayan མཆོག་ གིས་༧གོང་ས་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཞུས་ཡོད་པ་རེད། དེ་དང་ཕྱོགས་མཚུངས་སྐུའི་འཁྲུངས་སྐར་གྱི་སྲུང་བརྩི་ཞུ་རྒྱུའི་ལས་རིམ་ཁོངས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མིའི་བདེ་རྩར་མཛད་རྗེས་དང་ཞབས་འདེགས་ཇི་ལྟར་ཞུས་གནང་ཡོད་མེད་སོགས་ཀྱི་སྐོར་བགྲོ་གླེང་ཚོགས་འདུ་ཞིག་ཀྱང་ད་རིང་བསྐོང་ཚོགས་གནང་ཡོད་པའི་སྐོར་ལྡི་ལི་བོད་ཁང་གི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲྭ་འདུལ་ལགས་དང་། རྒྱ་གར་གཞུང་གི་གཞུང་ཚབ་ཟུར་པ་སྐུ་ཞབས་ Lalit Mansingh Arun Shourie Shyam Saran སོགས་དེ་སྔའི་རྒྱ་གར་དབུས་གཞུང་གི་དཔོན་རིགས་ཟུར་པ་ཁག་ཅིག་མཉམ་ཞུགས་གནང་ཡོད་པ་རེད། ཡང་འཁྲུངས་སྐར་སྲུང་བརྩིའི་ལས་རིམ་ནང་། ཚེས་ལྔ་ཉིན་བོད་མི་དང་རྒྱ་གར་བ་མི་གྲངས་བརྒྱ་ཕྲག་འགའ་ཤས་ནས་ཞི་བདེའི་ཆེད་གོམ་འགྲོས་ཤིག་ཀྱང་གོ་སྒྲིག་ཞུས་ཡོད་པ་དང་། ཚེས་དྲུག་སྟེ་འཁྲུངས་སྐར་དངོས་གཞིའི་ཉིན་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་སུ་ཟབ་རྒྱས་ངང་སྲུང་བརྩི་ཞུ་རྒྱུ་ཡིན་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།