རྒྱ་གར་ཨ་རུ་ན་ཅའི་བློན་ཆེན་རྡོ་རྗེ་མཁའ་འགྲོའི་སྐོར།
2011.05.04
༄༅༎རྒྱ་གར་གྱི་ཨ་རུ་ན་ཅལ་པར་རྡེཤ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་གཟའ་སྤེན་པའི་ཉིན་བོད་དང་ས་མཚམས་ཡིན་པའི་མོན་རྟ་དབང་ས་གནས་ནས་མངའ་སྡེའི་རྒྱལ་ས་ཨི་ཊ་ན་གར་བར་ཐད་འཕུར་གནམ་གྲུར་བཞུགས་ནས་ཕེབས་པའི་སྐབས་ གནམ་གཤིས་ཡག་པོ་མེད་པར་བརྟེན་ནས་ ཐད་འཕུར་གནམ་གྲུ་ས་གནས་ནས་འཕུར་ནས་དུས་ཚོད་རིང་པོ་མ་ཕྱིན་པར་ ས་ཐོག་དང་འབྲེལ་བ་ཆད་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་ འདས་པའི་ཉིན་གྲངས་བཞིའི་རིང་རྒྱ་གར་དམག་དཔུང་གིས་མཁའ་ཐོག་དང་ས་ཐོག་གཉིས་ནས་འཚོལ་ཞིབ་བྱས་ཏེ་ རྟ་དབང་ས་གནས་ཀྱི་རི་རྒྱུད་དུ་གནམ་གྲུ་བརྡབ་སྐྱོན་བྱུང་བའི་ཆགས་རོ་དང་ མིའི་ཕུང་པོ་ཁག་ཅིག་རྩད་རྙེད་ཐུབ་ཡོད་ཅིང་ རྒྱ་གར་གཞུང་གིས་མངའ་སྡེའི་བློན་ཆེན་རྡོར་རྗེ་མཁའ་འགྲོ་ལགས་ རྩ་བའི་ཆ་ནས་ཐད་འཕུར་གནམ་གྲུ་བརྡབ་སྐྱོན་བྱུང་ཏེ་རྐྱེན་འདས་སུ་ཕེབས་ཟིན་པར་ཡིད་ཆེས་གནང་གི་ཡོད་འདུག ཨ་རུ་ན་ཅལ་པར་རྡེ་ཤི་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་ཕྱི་ལོ་ཉིས་སྟོང་བདུན་ལོར་མངའ་སྡེ་དེའི་བློན་ཆེན་དུ་བསྐོ་བཞག་གནང་ཡོད་པ་དང་ ད་རེས་ཁོང་མོན་རྟ་དབང་ནས་མངའ་སྡེའི་རྒྱལ་སར་ཕེབས་སྐབས་ཀྱི་ཐད་འཕུར་གནམ་གྲུ་དེའི་ནང་ཁོང་དང་ཕྱག་རོགས་གཉིས་གནམ་གྲུ་གཏོང་མཁན་གསུམ་བཅས་ཁྱོན་མི་གྲངས་དྲུག་ཡོད་པ་དང་ ཐད་འཕུར་གནམ་གྲུ་ས་ཐོག་ནས་འཕུར་ཏེ་དུས་ཡུན་རིང་པོ་མ་ཕྱིན་གོང་ ས་ཐོག་དང་འབྲེལ་བ་ཆད་པའི་རྗེས་ ད་རེས་གཟའ་ལྷག་པའི་ཉིན་རི་རྒྱུད་དུ་གནམ་གྲུ་བརྡབ་པའི་ཆགས་རོ་དང་ཕུང་པོ་རྩད་རྙེད་མ་ཐོབ་བར་ འདས་པའི་ཉིན་གྲངས་བཞིའི་རིང་རྒྱ་ནག་གི་ས་ཐོག་དང་མཐའ་ཐོག་དམག་མི་སྟོང་ཕྲག་ཆེད་གཏོང་བྱས་ནས་འཚོལ་ཞིབ་བྱས་ཡོད་པ་དང་ གནམ་གྲུ་བརྡབ་སྐྱོན་བྱུང་དགོས་དོན་ནི་གནམ་གཤིས་ཧ་ཅང་ཡག་པོ་མེད་པར་བརྟེན་ནས་ས་ཐོག་དང་འབྲེལ་བ་བྱེད་པའི་བརྒྱུད་ལམ་ཡང་གསལ་པོ་མེད་པར་བརྟེན་ ས་ཐོག་དང་འབྲེལ་བ་ཆད་ནས་རི་ལ་རྡུང་ཁ་རྒྱབ་ནས་བྱུང་བ་ཞིག་ཡིན་པ་རྒྱ་གར་གཞུང་གིས་རྩ་བའི་ཆ་ནས་ཡིད་ཆེས་གནང་གི་ཡོད་འདུག