ཧོང་ཀོང་ནང་མི་མང་ཁྲི་ཚོ་མང་པོས་མཉམ་དུ་དུས་དྲན་སྲུང་བརྩི།

ཧོང་ཀོང་རྩིས་སྤྲོད་ཀྱི་ཉིན་མོར་མི་མང་ཁྲི་ཚོ་མང་པོས་ཁྲོམ་སྐོར་དང་གོམ་བགྲོད་བྱས་ནས་བདུན་གཅིག་དུས་དྲན་སྲུང་བརྩི་ཞུས་ཡོད་པ།

ཧོང་ཀོང་ནང་མི་མང་ཁྲི་ཚོ་མང་པོས་བདུན་གཅིག་ཉིན་ཁྲོམ་སྐོར་ལས་འགུལ་སྤེལ་སྐབས། ༢༠༡༥།༧།༡ AFP

ཧོང་ཀོང་རྩིས་སྤྲོད་ཀྱི་ཉིན་མོར་མི་མང་ཁྲི་ཚོ་མང་པོས་ཁྲོམ་སྐོར་དང་གོམ་བགྲོད་བྱས་ནས་བདུན་གཅིག་དུས་དྲན་སྲུང་བརྩི་ཞུས་ཡོད་པ།
དེ་ཡང་རྒྱ་ནག་གཞུང་གི་ཕྱོགས་ནས་ཧོང་ཀོང་གི་ནང་དམངས་གཙོའི་ལམ་ལུགས་ཀྱི་འོས་བསྡུ་བྱ་རྒྱུའི་གནད་དོན་ཐད་དེ་ཙམ་གྱི་མོས་མཐུན་མེད་ཀྱང་ཧོང་ཀོང་ས་གནས་མི་མང་སྟོང་ཚོ་མང་པོས་སྤྱི་ཟླ་༧་ཚེས་༡་ཉིན་ཧོང་ཀོང་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ལོ་འཁོར་ཉིན་མོ་ཞིག་སྲུང་བརྩི་ཞུ་ཆེད་དུ་མི་མང་ཚོས་ཁྲོམ་སྐོར་དུ་གོམ་བསྐྱོད་བྱས་ཏེ་དུས་དྲན་དེ་སྲུང་བརྩི་ཞུས་ཡོད་པ་རེད། འདི་ལོའི་ཧོང་ཀོང་གི་མང་གཙོའི་ལས་འགུལ་དང་དེ་སྔོན་གྱི་དམངས་གཙོའི་ལས་འགུལ་སྐབས་ཀྱི་མི་མང་གྲངས་འབོར་དང་བསྡུར་བ་ཡིན་ན་རྩ་བས་མི་མང་ཁྱོན་ཆེ་སླེབས་ཡོད་པ་རེད། ཡིན་ནའི་ཕྲན་བུའི་ཉུང་བ་ཡོད་པའི་སྐོར་དང་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་ཕྱིར་སྤྲོད་བྱས་ཏེ་ལོ་༡༨འཁོར་བའི་དུས་དྲན་ཉིན་མོ་ཡིན་པས། མི་མང་སྟོང་ཕྲག་མང་པོས་མང་གཙོའི་རྒྱབ་སྐྱོར་ལས་འགུལ་ལ་མཉམ་ཞུགས་བྱས་ཡོད་པ་རེད། ལས་འགུལ་གོ་སྒྲིག་པས་མི་མང་༤༨,༠༠༠བརྒལ་བ་མཉམ་བཞུགས་བྱས་ཡོད་པ་བརྗོད་ཀྱི་ཡོད་ན་ཡང་། ཉེན་རྟོག་པས་མི་གྲངས་༢༠,༠༠༠ ལས་ཉུང་བ་མཉམ་ཞུགས་བྱས་ཡོད་སྐོར་བརྗོད་འདུག
ཟླ་༧ཚེས་༡ཉིན་ཅིན་ཁྲེའི་ཅིན་ཐང་ཆེན་ཐོག་ཧོང་ཀོང་རྒྱ་ནག་གིས་རྩིས་ལེན་བྱས་ནས་ལོ་༡༨་འཁོར་བའི་རྟེན་འབྲེལ་མཛད་སྒོ་ཞིག་གཉེར་ནས་དར་ཆ་བསྒྲེངས་འཛུགས་དང་། སྤྱི་ཁྱབ་ལན་ཀྲིན་དབྱིན། སྤྱི་ཁྱབ་ཟུར་པ་ཏུང་ཅན་ཧ་།  རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་འབྲེལ་གཏུགས་ཁང་གི་འགན་འཛིན་ཀྲང་ཤའོ་མིང་སོགས་མཛད་སྒོར་སླེབས་ཡོད་ཅིང་། སྐབས་དེར་མཛད་སྒོའི་ཐོག་ཧོང་ཀོང་སྤྱི་ཚོགས་དམངས་གཙོ་མནའ་འབྲེལ་དང་། བཞི་ལྔ་ལས་འགུལ་གྱི་ཚོགས་མི་ཧ་ལམ་༢༠་ཙམ་གྱིས་ཐང་ཆེན་ཐོག་བསྐྱོད་དེ་ལག་ཏུ་ལན་ཀྲེན་དབྱིན་འགོ་གནས་མར་ཕབ་དགོས། ང་ཚོེར་དངོས་འབྲེལ་གྱི་ཡོངས་ཁྱབ་འདེམས་བསྐོའི་ཐོབ་ཐང་དགོས། བདག་དབང་མི་མང་ལག་ཏུ་འཛིན་འཇུག་དགོས་ཟེར་བ་སོགས་ཀྱི་ཕྲེད་དར་འཕྱར་ནས་འགོག་རྒོལ་བྱས་པ་དང་འབྲེལ་ད་དུང་སྲིད་སྐྱོང་ལན་ཀྲིན་དབྱིན་གྱི་འདྲ་པར་དང་ཧོང་ཀོང་དམིགས་བསལ་ས་གནས་ཀྱི་དར་ཆ་མེར་བསྲེགས་བཏང་བའི་རྐྱེན་ལས་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་པ་རེད།  
ལོ་ཤས་ཚུན་ནས་ཧོང་ཀོང་གི་སྤྱི་ཚོགས་ཁ་ཐོར་དགུ་ཐོར་ཕྱིན་ཡོད་པ་དང་།  རྒྱལ་སྤྱིིའི་གྲོང་ཁྱེར་དེ་ལ་ལྟོས་ནས་རྒྱ་ནག་གཞུང་ཡང་བྱེད་བདེ་དཀའ་བའི་གནས་སུ་གྱར་ཡོད་པ་དབྱེ་ཞིབ་མཁན་གྱིས་དཔྱད་བརྗོད་བྱས་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་༦པའི་ནང་རྒྱ་ནག་སྲིད་གཞུང་གིས་བཏོན་པའི་ཆབ་སྲིད་བཅོས་བསྒྱུར་ལས་གཞི་ལ་མང་གཙོ་དོན་གཉེར་བ་མང་པོས་ངོ་རྒོལ་བྱས་ཡོད་པ་དང་། ལས་གཞི་དེའི་ནང་ཧོང་ཀོང་མི་མང་ཚོས་ཐེངས་དང་པོར་རང་ཉིད་ཀྱི་འགོ་འཁྲིད་འདེམས་པའི་ཐོབ་ཐང་གསལ་ཡོད་ཀྱང་། འོས་མི་རྣམས་རྒྱ་ནག་སྲིད་གཞུང་གི་ངོས་ལེན་ཡོད་པ་ཞིག་དགོས་ཀྱི་ཡོད་པར་བརྟེན། ངོ་རྒོལ་བ་རྣམས་ཀྱིས་དེ་ནི་མང་གཙོ་རྫུན་མ་ཡིན་པར་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར་དང་འཇམ་དཔལ་ཕུན་ཚོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org