ཨ་རིའི་མང་གཙོ་ཚོགས་པའི་འོས་མི་གཏན་འབེབས་བྱུང་བ།

ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་གཏན་འབེབས་གནང་ཕྱོགས་དང་འབྲེལ་བའི་ཐོག་ལྷན་ཚོགས་གནང་བཞིན་ཡོད་པ་རེད།

༄༅༎ཨ་རིའི་ཁོ་ལོ་རེ་ཌོ་མངའ་སྡེའི་ནང་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་གཏན་འབེབས་གནང་ཕྱོགས་དང་འབྲེལ་བའི་ཐོག་འོས་བསྡུའི་ལས་དོན་གྱི་ལྷན་ཚོགས་གནང་བཞིན་ཡིན་པ་དང་ ལྷན་ཚོགས་དེ་ཐོག་ཨ་རིའི་མངའ་སྡེ་ཁག་གིས་སྐུ་ཚབ་དང་ དཔོན་རིགས་མི་མང་བཅས་ཁྲི་བདུན་ཙམ་ནས་མཉམ་ཞུགས་གནང་འདུག་ལ་ ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་ སྦ་རག་ཨོ་སྦ་མ་ མཆོག་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བསྐོ་བཞག་གནང་བ་བཞིན་ཁོང་གིས་ དེ་རིང་སྲིད་འཛིན་གྱི་འོས་མི་གནང་རྒྱུའི་ཁས་ལེན་གྱི་གསུང་བཤད་ཡང་གནང་རྒྱུ་ཡིན་འདུག འདས་པའི་ཉིན་གཉིས་ཙམ་ནས་བཟུང་མང་གཙོ་ཚོགས་པའི་ལྷན་ཚོགས་གནང་ཡོད་པ་དང་ ལྷན་ཚོགས་ཐོག་ཆེས་མཐོའི་མི་སྣ་མང་པོ་ཞིག་གིས་གསུང་བཤད་གནང་བའི་ནང་ནས་ སྐུ་ཞབས་ཨོ་སྦ་མ་མཆོག་གི་འགྲན་ཡ་གཙོ་བོ་ ཧི་ལ་རི་ཁི་ལིན་ཊོན་ མཆོག་གིས་ཀྱང་ ཨོ་སྦ་མར་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་གསུང་བཤད་གནང་ཡོད་པ་རེད། ཧི་ལ་རི་ཁི་ལིན་ཊོན་མཆོག་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མིར་འདེམས་ཐོན་མ་བྱུང་བ་དེར་ ཁོང་ལ་རྒྱབ་སྐྱོར་ཞུ་མཁན་མང་པོ་དང་ལྷག་པར་དུ་ཁོང་གི་སྐུ་ཟླ་སྲིད་འཛིན་ཟུར་པ་ སྦིལ་ཁི་ལིན་ཊོན་ མཆོག་ལ་ཐུགས་ཕམ་ཆེན་པོ་བྱུང་ཡོད་ཀྱང་ ཁ་ས་དགོང་དྲོ་སྲིད་འཛིན་ཟུར་པ་ ཁི་ལིན་ཊོན་མཆོག་གིས་ཨོ་སྦ་མ་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་ཐོག་ ཁོང་ནི་ཉམས་རྒུད་དུ་འགྲོ་བཞིན་པའི་ཨ་མི་རི་ཀའི་དཔལ་འབྱོར་ཡར་རྒྱས་གཏོང་ཐབས་དང་ མི་མང་གི་འདོད་པ་སྐོང་ཐུབ་པའི་སྲིད་འཛིན་གྱི་འོས་མི་ཞིག་ཡིན་པ་དང་ ཁོང་སྲིད་འཛིན་དུ་བསྐོ་བཞག་ཡོང་ཐབས་སུ་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་སོགས་རྒྱབ་སྐྱོར་ཆེན་པོ་ཡོད་པའི་གསུང་བཤད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org