བོད་རང་དབང་སློབ་ཕྲུག་ཚོགས་མི་པེ་ཅིང་ནས་ཕྱིར་ལོག་རྗེས།
ཉེ་ཆར་པེ་ཅིང་ནང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་དྲུག་ལ་ཆུ་ཚོད་༩འི་རིང་བཀག་ཉར་དང་འདྲི་རྩད་ནན་པོ་བྱས་ཡོད་པ་རེད་
-
2008-08-18 -
-
-
༄༅༎སྦོསི་ཊོན་གོ་ལོབ་ཞེས་པའི་ཨ་མི་རི་ཀའི་ཉིན་རེའི་གསར་ཤོག་གི་གསར་འགོད་པ་ མེཏ་ཁོ་ལེཏ་ ཡིས་དེ་རིང་སྤེལ་བའི་གནས་ཚུལ་གཞིར་བཟུང་བྱས་ན་ ཀ་ཊེ་ལེང་གར་གྱིས་གཙོས་པའི་སྦོསི་ཊོན་ཡན་ལག་གི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་དྲུག་གིས་བདུན་ཕྲན་སྔོན་མའི་ནང་ པེ་ཅིང་གྲོང་ཁྱེར་ནང་གི་དབུས་བརྙན་འཕྲིན་ལས་ཁང་གི་སྟེང་བོད་རང་བཙན་ཞེས་བྲིས་པའི་རིང་ཚད་ཕི་ཊི་གྲུ་བཞི་མ་ ༣༧༥ བྱས་པའི་ཕྲེད་དར་ཞིག་དཔྱང་སྐབས་ རྒྱ་ནག་གི་ཉེན་རྟོག་མི་སྣས་ཁོང་ཚོ་ཚང་མ་འཛིན་བཟུང་བྱས་ཡོད་པ་རེད་ བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དེ་ཚོས་ རྒྱ་ནག་གི་རྒྱལ་སའི་ནང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྟེང་དང་ བྱིའུའི་ཚང་ཞེས་མིང་བཏགས་པའི་ཨོ་ལིམ་པིག་གི་རྩེད་འགྲན་ཚུགས་ཡུལ་དང་ རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་སྤྱི་གླིང་ཞེས་པའི་ས་གནས་ཁག་སོ་སོར་བོད་དོན་སླད་དུ་ཞི་བའི་ལམ་ནས་ངོ་རྒོལ་ལས་འགུལ་བརྩམས་ཡོད་པ་རེད་ སློབ་ཕྲུག་དེ་དག་འཛིན་བཟུང་བྱས་པའི་རྗེས་སུ་ དཔེར་ན་ སློབ་ཕྲུག་ཚོའི་ཁོངས་ནས་ཀ་ཊེ་ལེང་གར་གྱིས་ཉེ་ཆར་གཟའ་པ་སངས་ཉིན་ ཨ་མི་རི་ཀའི་ཨེ་སྦི་སི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན་ རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ཀྱི་གསང་བའི་མི་སྣ་ཚོས་ ཁོང་ཚོ་ག་པར་ཕྱིན་ཀྱང་ རྗེས་འདེད་བཏང་ཡོད་པ་དང་ མཐར་འཛིན་བཟུང་བྱས་རྗེས་ ཆུ་ཚོད་༩འི་རིང་བཀག་ཉར་དང་ འདྲི་རྩད་ནན་པོ་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་ བརྩི་མེད་བྱས་པའི་གནས་ཚུལ་ཇི་ཙམ་གོ་ཐོས་དང་ ཤེས་རྟོགས་བྱུང་བ་ཙམ་གྱིས་ དེ་ཙམ་གྱིས་བོད་དོན་ཐོག་ལ་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་བྱེད་འདོད་ཆེ་རུ་འགྲོ་གི་འདུག་ཅེས་ཀྱང་ ཁོང་གིས་མུ་མཐུད་དེ་གསུང་ཡོད་པ་རེད་ རྒྱ་ནག་གཞུང་གིས་ཁོང་རྣམས་རང་ཡུལ་དུ་ཕྱིར་འབུད་བཏང་རྗེས་ སྦོསི་ཊོན་གྲོང་ཁྱེར་ནང་གི་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས་ ས་གནས་ཀྱི་བོད་མི་རྣམས་ཀྱིས་ཁོང་ཚོར་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་སྦྲགས་ སློབ་ཕྲུག་དེ་ཚོས་ བོད་དོན་ཐོག་ལ་མ་སྐུལ་དང་དུ་བླངས་སྟེ་ ལས་འགུལ་དེ་འདྲ་སྤེལ་བར་རྗེས་སུ་ཡི་རང་དང་ བསྔགས་བརྗོད་ཆེན་པོ་ཞུས་ཡོད་པ་རེད།