དུས་འཁོར་དབང་ཆེན་གནང་སར་རྒྱ་ནག་གི་དམག་མི་འབྱོར་བཞིན་པ།
རྒན་གྱའི་དུས་འཁོར་དབང་ཆེན་གནང་ཡུལ་ལ་རྒྱ་ནག་གི་དམག་མི་མང་པོ་འབྱོར་བཞིན་པར་དད་ལྡན་ཆོས་ཞུ་པ་ཚོས་སེམས་ཁྲལ་གནང་བཞིན་པ་རེད།
-
2015-06-17 -
-
-
རྒན་གྱའི་དུས་འཁོར་དབང་ཆེན་གནང་ཡུལ་ལ་རྒྱ་ནག་གི་དམག་མི་མང་པོ་འབྱོར་བཞིན་པར་དད་ལྡན་ཆོས་ཞུ་པ་ཚོས་སེམས་ཁྲལ་གནང་བཞིན་པ་རེད།
དེ་ཡང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་བསང་ཆུ་རྫོང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་མོ། ༧རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་གིས་སྤྱི་ལོ་༢༠༡༥ལོའི་སྤྱི་ཟླ༦ཚེ་༢༧ནས་༣༠བར་དུ། བསང་ཆུ་རྫོང་ཁོངས་རྒན་གྱའི་བཀྲ་ཤིས་བདེ་འཛོམས་ཐང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་པ་གནང་གཏན་འཁེལ་བ་ལྟར། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་སྔ་ས་ནས་ས་གནས་སུ་གྲ་སྒྲིག་གང་ལེགས་གནང་གྲུབ་ནས་སྔོན་འགྲོའི་གྲ་སྒྲིག་གི་ཆེད་ཚེས་༡༦ཉིན་སློབ་མ་རྗེས་འཛིན་གྱི་དབང་གནང་སྐབས་མི་ཚོགས་ཧ་ཅང་མང་པོ་འཛོམས་ཡོད་ཐོག་མུ་མཐུད་ནས་འཛོམས་བཞིན་ཡོད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། དབང་གི་དངོས་གཞི་སླེབས་ལ་ཉེ་བར་ཚེས་༡༦ཉིན་ནས་ཟི་ཁྲོན་དང་། ལན་ཀྲོའུ་ཕྱོགས་ནས་རྒྱ་ནག་གི་དམག་མི་རླངས་འཁོར་མང་པོ་དུས་འཁོར་དབང་ཆེན་གནང་ཡུལ་ལ་འབྱོར་བཞིན་པ་དང་། ཁོང་ཚོ་མཉམ་དུ་དྲག་ཆས་དང་། དམག་གི་རླངས་འཁོར་འདྲ་མིན་རུ་བསྒྲིགས་བྱས་ནས་གཞུང་ལམ་སྟེང་ཡོང་བཞིན་པ་མཐོང་ན་དད་ལྡན་ཆོས་ཞུ་བ་ཚོར་རང་བཞིན་གྱིས་འཇིགས་སྣང་ཡོང་བཞིན་པ་དང་། འཇིགས་སྣང་དེས་ཆོས་ཞུ་བ་ཚོའི་སེམས་ལ་དཀའ་འཕྲད་སྲིད་པའི་སེམས་ཁྲལ་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་། ཡང་བོད་མི་གཞན་ཞིག་གིས་བརྗོད་དོན། ད་ཐེངས་དུས་འཁོར་དབང་ཆེན་གནང་དུས་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་དང་། སྐུའི་གྱ་སྟོན་སྐབས་དང་ཡང་ཧ་ལམ་དུས་ཚོད་འཁེལ་བས་ན་རྒྱ་ནག་གིས་དོགས་ཟོན་དམ་དྲག་ཆེན་པོ་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་ངོ་སྤྲོད་བྱས་བྱུང་།
ད་ཐེངས་དུས་འཁོར་དབང་ཆེན་གནང་ཡུལ་ནི་ཀན་སུའུ་ཞིང་ཆེན་མདོ་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱའི་བྲག་དཀར་དང་ཧ་ཅང་ཐག་ཉེ་བའི་རྒན་གྱའི་བཀྲ་ཤིས་བདེ་འཛོམས་ཐང་ཡིན་པ་དང་། དུས་དབང་གནང་མཁན་དགེ་བའི་བཤེས་གཉེན་ཆེན་པོ། རྗེ་བཙུན་འཇམ་དབྱངས་རྒྱ་མཚོ་མཆོག་ནི་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ཁོ་ཚེ་ལྷ་སྡེ་ཞེས་གྲགས་པའི་རུ་མང་ཚོ་བར་འཁྲུངས་བ་དང་། སྤྱི་ལོ་༡༩༤༠ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས། ༢༠༡༢ལོར་མདོ་སྨད་བླ་བྲང་ཁོ་ཚེ་བཀྲ་ཤིས་ཐང་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་སྐབས་དད་ལྡན་པ་མི་གྲངས་ཁྲི་གཅིག་དང་ཕྱེད་ཀ་ཙམ་འཛོམས་པ་བཤད་བཞིན་པ་རེད།
གསར་འགོད་པ་ཀླུ་འབུམ།