བོད་མི་དམངས་ཀྱི་སྤྱི་འཐུས་ཁག་ཅིག་ཡོ་རོབ་ཏུ་འཚམས་གཟིགས།

བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ཁག་ཅིག་དབྱིན་ཡུལ་དང་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦར་སེལ་སི་དུ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག

༄༅༎བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་གཙོས་སྤྱི་འཐུས་ཁག་ཅིག་དབྱིན་ཡུལ་དང་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦར་སེལ་སི་དུ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་འདུག

ཕྱི་ཟླ་དྲུག་པའི་ཚེས་དགུ་ཉིན་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནས་ཕྱི་ཚེས་དྲུག་དང་བདུན་སོ་སོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་འདུག་པ་དང་དེ་རྗེས་ཕྱི་ཚེས་བརྒྱད་ཕྱི་དྲོ་ཕྱག་རོགས་སྤྱི་འཐུས་གཞན་སྤྱི་འཐུས་ངག་དབང་ལྷ་མོ་ལགས་དང་སྤྱི་འཐུས་ཚེ་བརྟན་ནོར་བུ་ལགས་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ལགས་བཅས་དབྱིན་ཡུལ་དུ་ཕེབས་ཐོན་གནང་ཡོད་འདུག

སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་སུ་དང་མཇལ་འཕྲད་གནང་མིན་གྱི་བོད་གཞུང་གི་དྲ་གནས་དེའི་ཐོག་གསལ་བཀོད་གནང་མེད་པ་རེད།

ཕྱོགས་བསྐྱོད་དུ་ཕེབས་མཁན་གྱི་སྤྱི་འཐུས་རྣམ་པ་དབྱིན་ཡུལ་དུ་ཀྲི་སྦེཏ་སོ་སའེ་ཊི་ཞེས་པ་དབྱིན་ཡུལ་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་རྙིང་ཤོས་དེས་གདན་ཞུ་བྱས་པ་ཞིག་ཡིན་པ་དང་ཁོང་རྣམ་པ་ཕྱི་ཚེས་བཅུ་གསུམ་བར་ཞུགས་རྒྱུན་རིང་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་དང་བོད་མི་དམངས་སྤྱི་འཐུས་དབར་མཐུན་འབྲེལ་གྱི་ལས་འཆར་ཐོག་མཉམ་ཞུགས་གནང་རྒྱུ་ཡིན་འདུག དབྱིན་ཡུལ་དུ་ཕྱོགས་ཞུགས་སྤྱི་འཐུས་ཕརའ་སི་བསོད་ནམས་ལགས་ཡོད་པ་རེད།

ཚེས་བཅུ་བཞིན་ཉིན་སྤྱི་འཐུས་རྣམ་པས་དབྱིན་ཡུལ་ཁུལ་གྱི་ས་གནས་བོད་མི་རྣམས་དང་ལྷན་འཛོམས་གནང་རྒྱུ་ཡིན་འདུག་པ་དང་དབྱིན་ཡུལ་གྱི་ལས་རིམ་ཟིན་རྗེས་ཕྱི་ཚེས་བཅོ་ལྔ་ཉིན་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦར་སེལ་སི་དུ་ཕེབས་ཐོན་གྱིས་ཡང་ཁུལ་དེར་ཡོད་པའི་བོད་རིགས་ཚོ་དང་མཇལ་འཛོམས་གནང་རྒྱུ་ཡིན་འདུག སྦར་སེལ་སི་རུ་ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་བསྒྲིགས་ཞུས་པ་ལྟར་ཕྱི་ཚེས་བཅུ་དྲུག་དང་བཅུ་བདུན་ཉིན་གྲངས་གཉིས་རིང་གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་གནང་རྒྱུ་ཡིན་སྐོར་འཁོད་འདུག་པ་ལས་དཔོན་རིགས་སུ་ཞིག་དང་མཇལ་འཕྲད་གནང་མིན་སོགས་ཀྱི་གནས་ཚུལ་གསལ་ཁ་གང་ཡང་བཙན་བྱོལ་བོད་གཞུང་གི་དྲ་གནས་ཐོག་བཀོད་མིན་འདུག

སྤྱི་འཐུས་རྣམ་པ་ཕྱི་ཟླ་དྲུག་པའི་ཚེས་བཅུ་དགུ་ཉིན་སྦར་སེལ་སི་ནས་རྒྱ་གར་གྱི་རྒྱལ་སར་ཆེད་ཕེབས་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org