བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ཨི་ཊ་ལི་ལ་ཕེབས་ཐོན།
སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཨི་ཊ་ལིའི་ནང་དམངས་གཙོ་དང་བོད་སྐོར་གྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུ།
-
2009-04-15 -
-
-
༄༅༎བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཨི་ཊ་ལིའི་ནང་དམངས་གཙོ་དང་བོད་སྐོར་གྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་བར་ཕྱི་ཚེས་བཅུ་བཞི་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་ཕེབས་ཐོན་གནང་འདུག
ཨི་ཊ་ལི་ཁུལ་གྱི་པི་མོནཏི་ཞེས་པའི་མངའ་སྡེའི་གྲོས་ཚོགས་ཀྱི་གདན་ཞུའི་འོག་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ཟླ་བ་འདིའི་ཚེས་ཉི་ཤུ་གཉིས་ནས་བཟུང་ཁུལ་དེའི་གྲོང་ཁྱེར་ཏུའུ་རིན་ནང་དམངས་གཙོའི་བརྗོད་གཞིའི་ཐོག་གི་ཉིན་གསུམ་གྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།
ཨི་ཊ་ལི་ཁུལ་དུ་མ་ཕེབས་གོང་ཕྱི་ཚེས་བཅོ་ལྔ་ནས་བཅོ་བརྒྱད་བར་རྡོར་གླིང་འབོ་དཀར་ངེས་དོན་ཆོས་འཁོར་གླིང་གི་བཤད་གྲྭ་གསར་བཞེངས་ཀྱི་རྙོག་གཞིའི་ཐད་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་རྣམ་གཉིས་རྒྱ་གར་དབུས་གཞུང་ལས་ཁུངས་ཀྱི་མི་སྣ་དང་མཇལ་འཕྲད་གནང་རྒྱུ་དང་དེ་ནས་ཕྱི་ཚེས་ཉི་ཤུ་ཉིན་ལྡི་ལི་ནས་ཕེབས་ཏེ་ཕྱི་ཚེས་ཉི་ཤུ་གཅིག་ཉིན་ཨི་ཊ་ལིར་ཕེབས་འབྱོར་གྱིས་ཚེས་ཉི་ཤུ་གཉིས་ནས་ཉི་ཤུ་དྲུག་བར་ཉིན་གྲངས་ལྔ་རིང་ཨི་ཊ་ལི་ཁུལ་གྱི་ཏུའུ་རིན་དང་སི་སི་ལི་བཅས་སུ་པིཏ་མོནཏི་ས་གནས་གྲོས་ཚོགས་སོགས་ནས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དེ་བཞིན་བོད་ཀྱི་གནད་དོན་ཞེས་པའི་ཚོགས་འདུའི་ཐོག་གསུང་བཤད་གནང་རྒྱུ་ཡིན་པ་རེད། དེ་རྗེས་ཕྱི་ཚེས་ཉི་ཤུ་བདུན་དང་ཉི་ཤུ་བརྒྱད་བཅས་ཉིན་གྲངས་གཉིས་རིང་ཨི་ཊ་ལིའི་རྒྱལ་ས་རཱོམ་དུ་ཨི་ཊ་ལིའི་ནང་གི་བོད་དོན་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་འཐུས་མིའི་ཚོགས་པ་དང་འཚེ་བ་མེད་པའི་ལྟ་སྤྱོད་མཁྲེགས་བཟུང་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག་ཁུལ་དེའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་ཕྱི་ཚེས་ཉི་ཤུ་དགུ་ཉིན་རྒྱལ་ས་རཱོམ་ནས་ཕྱིར་ཐོན་གྱིས་ཕྱི་ཟླ་ལྔ་པའི་ཚེས་གཉིས་ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་སྐོར་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།