ཨ་རིའི་རྩེད་འགྲན་པའི་སྒྲིག་ཆས་རྒྱ་ནག་ནང་བཟོས་པར་སྐྱོན་བརྗོད།
2012.07.14
༄༅༎ཨ་རིའི་རྩེད་འགྲན་པ་རྣམས་ཀྱི་སྒྲིག་ཆས་རྣམས་རྒྱ་ནག་ནས་བཟོས་པར་གྲོས་ཚོགས་ཀྱི་འཐུས་མི་ཚོས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་འདུག
རིང་མིན་དབྱིན་ཇིའི་རྒྱལ་ས་ལོན་དྲོན་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་་ ཨ་རིའི་རྩེད་འགྲན་པ་རྣམས་ཀྱི་སྒྲིག་ཆས་རྒྱ་ནག་ནས་བཟོས་པ་དེར། ཕྱོགས་གང་ས་ནས་སྐྱོན་བརྗོད་ཤུགས་ཆེར་ཡོང་བཞིན་ཡོད་པ་དང༌། ལྷག་པར་དུ་ཨ་རིའི་གྲོས་ཚོགས་ཀྱི་ནང་གླེང་སློང་ཤུགས་ཆེ་ཡོང་བཞིན་ཡོད་འདུག
ཨ་རིའི་མང་གཙོ་ཚོགས་པའི་འགོ་འཁྲིད་ཧེ་རི་ རིདྲ་གིས། ཨ་རིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ཚོ་ངོ་ཚ་དགོས་པ་ཞིག་རེད། ཚོགས་ཆུང་ནས་སྒྲིག་ཆས་ཆ་ཚང་མཁུ་བསྡུ་བྱེད་ནས་མེར་སྲེགས་བཏང་ནས་བསྐྱར་དུ་གསར་པ་བཟོ་དགོས་ཀྱི་རེད་གསུངས་པ་དང༌། གྲོས་ཚོགས་འཐུས་མི་གཞན་མང་པོས་ཀྱང་། ཚོགས་ཆུང་ལ་ཡིག་ངག་ཐོག་ནས་སྐྱོན་བརྗོིད་བྱས་ཡོད་འདུག
གང་ལྟར་ཕྱོགས་གང་ས་ནས་སྐྱོན་བརྗོད་སྣ་ཚོགས་ཡོང་བཞིན་པར་བརྟེན། རྩེད་འགྲན་ཚོགས་ཆུང་གི་འབྲེལ་ཡོད་ཚན་པས། མ་འོངས་ཕྱི་ལོ་༢༠༡༤ ལོར་དགུན་དུས་ཨོ་ལིག་པིག་རྩེད་འགྲན་སྐབས་ཨ་རི་རང་ནས་བཟོས་པའི་སྒྲིག་ཆས་གོ་སྒྲིག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་འདུག།