ཐའེ་ལྦན་གྱི་སྲིད་འཛིན་རྒྱལ་ཁབ་དྲུག་ལ་འཚམས་གཟིགས།

ཐའེ་ལྦན་གྱི་སྲིད་འཛིན་རྒྱལ་ཁབ་དྲུག་ནང་ཕེབས་རྒྱུ་དང་ཕེབས་ལམ་དུ་ཨ་རིའི་ས་གནས་ཁག་ནང་ཁྱུག་ཙམ་བབས་ཚུགས་གནང་གི་ཡོད་པ།

༄༅༎ཐའེ་ལྦན་གྱི་སྲིད་འཛིན་མཱ་དབྱིང་ཅོ་ཟླ་བ་འདིའི་ནང་ལྷོ་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་དྲུག་ནང་འཚམས་འདྲིར་ཕེབས་རྒྱུ་མ་ཟད། ཕེབས་ལམ་དུ་ཨ་མི་རི་ཀའི་ས་གནས་ཁག་གཉིས་ནང་ཁྱུག་ཙམ་བབས་ཚུགས་གནང་གི་ཡོད་པ་བརྟེན་རྒྱ་ནག་གཞུང་གིས་ཁོང་ཁྲོ་ཆེན་པོ་བྱ་རྒྱུ་ཡིན་པ་སྔོན་དཔག་གནང་གི་ཡོད་པ་རེད།

དེ་རིང་རེས་གཟའ་མིག་དམར་ཉིན་སྲིད་འཛིན་མཱ་དབྱིང་ཅོ་ཡི་ལས་ཁུངས་ནས་གསུང་དོན་ལ། སྲིད་འཛིན་མཆོག་གིས་ཕྱི་ལོ་༢༠༠༨ལོར་ཐའེ་ལྦན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་ཟླ་བ་འདིའི་ཕྱི་ཚེས་༢༡་ནས་༢༧བར་གཟའ་འཁོར་གཅིག་རིང་གལ་འགངས་ཆེ་བའི་ལྷོ་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་ཁག་ཅིག་ནང་གཞུང་དོན་འཚམས་འདྲིར་ཕེབས་པའི་སྐབས་ཕེབས་ལམ་དུ་བྱང་ཞི་བདེ་རྒྱ་མཚོ་ནང་དུ་ཡོད་པའི་ཨ་མི་རི་ཀའི་གླིང་ཕྲན་གུཨམ་ནང་ཁྱུག་ཙམ་བབས་ཚུགས་གནང་གི་ཡོད་པའི་སྐོར་གསུང་ཡོད་པ་རེད། ཐའེ་ལྦན་དང་ལྷོ་ཞི་བདེ་རྒྱ་མཚོའི་ནང་གི་ཕྱི་འབྲེལ་གྱི་འབྲེལ་ལམ་ཡོད་པའི་མཐུན་ཕྱོགས་རྒྱལ་ཁབ་ནི་ཀི་རི་སྦ་ཏི་དང་ནའོ་རུ་ མའར་ཤལ་གླིང་ཕྲན། པ་ལའོ་ སོ་ལོ་མེན་སི་ ཏུ་ལྦ་ལུ་ནང་ཕེབས་མཁན་ཡིན་པ་དང། རྒྱལ་ཁབ་དེ་དག་གི་སྲིད་འཛིན་གྱི་ལྷན་དུ་སོ་ནམ་ཞིང་ལས་ཐོན་སྐྱེད་ཀྱི་གནད་དོན་དང། ཉི་འོད་ཀྱི་ནུས་ཤུགས། གཞན་ཡང་དུས་ཡུན་རིང་པའི་ཡར་རྒྱས་གཏོང་ཡུལ་ཁག་གི་ཐོག་བཀའ་བསྡུར་གནང་གི་ཡོད་པའི་སྐོར་རོའུ་ཀྲན་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་ཅིང། འོན་ཀྱང་རྒྱ་ནག་ཕྱོགས་ནས་ཐའེ་ལྦན་ནི། རྒྱ་ནག་གི་བདག་དབང་ཡིན་པ་ངོས་འཛིན་བྱེད་པ་མ་ཟད། ཐའེ་ལྦན་དང་ཕྱིའི་རྒྱལ་ཁབ་བར་གྱི་འབྲེལ་ལམ་བྱེད་རྒྱུ་ངོ་རྒོལ་བྱེད་པའི་ཁར། དུས་རྒྱུན་དུ་ནས་ཐའེ་ལྦན་གྱི་དབུ་ཁྲིད་རྒྱལ་ཁབ་གཞན་དུ་འཚམས་འདྲིར་ཕེབས་ལམ་དུ་ཨ་མི་རི་ཀས་ཨ་རིའི་ས་ཐོག་ཏུ་་ཁྱུག་ཙམ་བབས་ཚུགས་བྱེད་དུ་བཅུག་པའི་སྐབས་རྒྱ་ནག་ཕྱོགས་ནས་ངོ་རྒོལ་དང་སྐྱོན་བརྗོད་བྱེད་པ་ཡིན་ཞིང། རྒྱ་ནག་དང་མཛའ་གྲོགས་ཀྱི་འབྲེལ་ལམ་འཛིན་མཁན་ཐའེ་ལྦན་གོ་མིང་ཏང་གི་ཚོགས་གཙོ་མཱ་དབྱིང་ཅོ་ཡིས་ཕྱི་ལོ་༢༠༠༨ལོར་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་རྒྱ་ནག་ཕྱོགས་ནས་ངོ་རྒོལ་བྱེད་རྒྱུ་ཞི་འཇམ་དུ་ཕྱིན་པའི་རྣམ་པ་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org