འབར་མའི་དྲག་པོའི་དཔོན་རིགས་ནས་བཟོད་སྒོམ་སྐུལ་སྤེལ།

འབར་མའི་དཔོན་རིགས་ནས་ཡུལ་དེའི་མི་མང་ཚོའི་ཐོག་བཟོད་སྒོམ་གྱི་ལྟ་གྲུབ་སྐུལ་སྤེལ་གཏོང་རྒྱུ་ཁས་ལེན་བྱས་ཡོད་པ་རེད་

༄༅༎འབར་མ་དྲག་པོའི་གཞུང་གིས་ཡུལ་དེའི་ནང་པའི་དགེ་འདུན་པ་ཚོའི་ཐོག་དྲག་གནོན་བྱེད་མིན་ལ་མ་ལྟོས་པར་གཟའ་ལྷག་པའི་ཉིན་འབར་མའི་དཔོན་རིགས་ནས་ཡུལ་དེའི་མི་མང་ཚོའི་ཐོག་བཟོད་སྒོམ་གྱི་ལྟ་གྲུབ་སྐུལ་སྤེལ་གཏོང་རྒྱུ་ཁས་ལེན་བྱས་ཡོད་པ་རེད་     གཟའ་ལྷག་པའི་ཉིན་ཕི་ལི་ཕིན་གྱི་རྒྱལ་ས་མཱ་ནི་ལ་རུ་ཚོགས་པའི་མནའ་འབྲེལ་མིན་པའི་ཡུལ་གྲུའི་ལས་འགུལ་ཚོགས་པ་ཞེས་པའི་བློན་ཆེན་རིམ་པའི་ལྷན་ཚོགས་ཐོག་འབར་མ་དྲག་པོའི་གཞུང་གི་ཕྱི་སྲིད་བློན་ཆེན་ནི་ཡེན་ལྦིན་གྱིས་འབར་མ་གཞུང་གིས་ཞི་བདེ་དང་གྲོས་མོལ་གྱི་རྣམ་པའི་ཐོག་ནས་གནད་དོན་ཐག་གཅོད་བྱ་རྒྱུའི་ལྟ་གྲུབ་སྐུལ་སྤེལ་བྱེད་བཞིན་པ་དང་ང་ཚོས་ཆོས་ལུགས་དང་ལྟ་གྲུབ་འདྲ་མིན་གྱི་བསམ་ཚུལ་ལ་གུས་ཞབས་ཞུ་དགོས་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་ཤེས་རྟོགས་ཡོད་ཅིང་བཟོད་སྒོམ་བྱ་རྒྱུ་དེ་ནི་རྒྱལ་སྤྱིའི་འབྲེལ་ལམ་ནང་གལ་འགངས་ཆེ་བའི་རྟེན་གཞི་ཞིག་ཀྱང་ཡིན་པར་མོས་མཐུན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

ཡིན་ན་ཡང་འབར་མའི་གཞུང་གིས་ཡུལ་དེའི་ནང་གི་ནང་པའི་དགེ་འདུན་པ་དང་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་ཚོགས་མི་ཚོར་དྲག་གནོན་བྱེད་བཞིན་པའི་གནས་སྟངས་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་བསྐྱོན་བརྗོད་བྱེད་མུས་ཡིན་ཞིང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ན་ནིང་ལོ་མཇུག་ཏུ་བཏོན་པའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་ད་དུང་ཡང་འབར་མའི་བཙོན་ཁང་ཁག་ནང་ནང་པའི་དགེ་འདུན་ཞལ་གྲངས་༢༤༠ཙམ་བཙོན་འཇུག་བྱེད་མུས་ཡིན་པ་དང་དེ་མིན་ཕྱི་ལོ་ཉིས་སྟོང་བདུན་ལོའི་ནང་འབར་མའི་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་རྔམ་སྟོན་གྱི་ལས་འགུལ་སྐབས་འཇུ་བཟུང་བྱས་པའི་ཕྱོགས་འགལ་ཚོགས་པ་སོགས་ཀྱི་མི་སྣ་སྟོང་ཕྲག་མང་པོ་འབར་མ་དྲག་པོའི་གཞུང་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་པའི་རྐྱེན་གྱིས་འབར་མ་དྲག་པོའི་གཞུང་གིས་བཙོན་འཇུག་བྱེད་མུས་ཡིན་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད་།   

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org