ལྕམ་ཨང་སན་སུ་ཅིའི་སྐུ་གཟུགས་གནས་སྟངས་སྡུག་ཏུ་ཕྱིན་པ།
2009.05.10
༄༅༎བཟང་བཙོན་གྱི་གནས་སྟངས་འོག་བཞུགས་ཡོད་པའི་འབར་མའི་དམངས་གཙོ་དོན་གཉེར་བའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅི་མཆོག་གསོལ་ཆས་བཞེས་མ་ཐུབ་པའི་སྐུ་ངལ་ཡོད་པ་དང་ཁོང་གི་རྩའི་ནང་སྨན་ཆུ་གཏོང་བཞིན་ཡོད་པའི་སྐོར་ཁ་ས་འབར་མའི་དམངས་གཙོ་ཚོགས་པའི་མགྲིན་ཚབ་པས་འགྲེལ་བརྗོད་གནང་བ་དང་ཆབས་ཅིག་ཚོགས་པས་དྲག་པོའི་སྲིད་གཞུང་ལ་ལྕམ་ཨང་སན་སུ་ཅི་ལ་སྨན་པས་བརྟག་དཔྱད་ཞུ་རྒྱུའི་ཆོག་མཆན་གནང་དགོས་རྒྱུའི་འབོད་སྐུལ་བྱས་འདུག
ཨ་རི་བ་ཞིག་གིས་ལྕམ་ཨང་སན་སུ་ཅིའི་བཞུགས་གནས་སུ་གསང་བའི་ཐོག་ནས་འཛུལ་ཞུགས་བྱས་ནས་ཉིན་གྲངས་གཉིས་ལྷག་བསྡད་པའི་རྗེས་རེས་གཟའ་ཕུར་བུའི་ཉིན་ལྕམ་སུ་ཅིའི་མཆོག་གི་སྐུ་སྒེར་གྱི་སྨན་པར་དྲི་རྩད་བྱ་རྒྱུའི་ཆེད་དབང་འཛིན་ཚོས་སྨན་པ་ཊིན་མེ་ཡོ་ལྦིན་འཛིན་བཟུང་བྱས་ཡོད་པ་རེད། རེས་གཟའ་པ་སངས་ཉིན་སྨན་པ་གཞན་ཞིག་ལྕམ་སུ་ཅི་ལ་བརྟག་དཔྱད་ཞུ་ཕྱིར་བཏང་ཡོད་པ་རེད། འོན་ཀྱང་སྨན་པ་དེས་རེས་གཟའ་སྤེན་པའི་ཉིན་བསྐྱར་དུ་བརྟག་དཔྱད་བྱ་དགོས་རྒྱུའི་རེ་སྐུལ་ལ་དྲག་པོའི་གཞུང་གིས་ཁས་ལེན་བྱས་མེད་པའི་སྐོར་དམངས་གཙོ་ཚོགས་པའི་མགྲིན་ཚབ་པ་ནི་ཡེན་ལྦིན་ཡིས་འགྲེལ་བརྗོད་གནང་བཞག མགྲིན་ཚབ་པ་ནི་ཡེན་ཡིས་ལྕམ་སུ་ཅིའི་སྐུ་ཁམས་བདེ་པོ་མེད་པ་དེར་ཚང་མས་བློ་འཚབ་ཞུ་བཞིན་ཡོད་པ་དང་འཛིན་སྐྱོང་དཔོན་རིགས་ཚོས་ཁོང་སྐུ་སྒེར་གྱི་སྨན་པ་དགོས་ངེས་ཀྱི་སྨན་བཅོས་ཞུ་རྒྱུར་ཆོག་མཆན་གནང་དགོས་གལ་ཆེ་ཡིན་པའི་སྐོར་གསུངས་འདུག ལྕམ་སུ་ཅི་མཆོག་ཞལ་ལག་མཆོད་རྒྱུར་དང་ག་མེད་པ་དང་ཉིན་གྲངས་གསུམ་བཞིའི་རིང་གསོལ་ཆས་ཡག་པོ་མཆོད་མེད་པའི་སྐོར་ཁོང་གི་སྨན་པས་འགྲེལ་བརྗོད་གནང་ཡོད་པ་ལས་ཁོང་ལ་ནད་གཞི་ག་རེ་ཕོག་ཡོད་མེད་གསལ་བཏོན་གནང་མེད་པ་རེད།
ལྕམ་སུ་ཅི་མཆོག་གིས་འདས་པའི་ལོ་བཅུ་དགུའི་ནང་ནས་ལོ་ངོ་བཅུ་གསུམ་ལྷག་ཙམ་རིང་བཟང་བཙོན་གྱི་གནས་སྟངས་འོག་ཞུགས་ཡོད་པ་དང་སྐུ་སྒེར་གྱི་སྨན་པ་མ་གཏོགས་གཞན་སུ་ཞིག་གིས་ཁོང་ཡོད་སར་འགྲོ་ཆོག་གི་མེད་པ་རེད། དྲག་པོའི་སྲིད་གཞུང་གིས་ཁོང་གི་གཟིམ་ཤག་གི་མཐའ་འཁོར་ཟེར་མ་ར་སྒོ་བསྐོར་ནས་སྲུང་ཆ་བཙུགས་ཡོད་པ་དང་སྐབས་རེ་ལྟ་སྲུང་དམ་པོའི་འོག་ལྕམ་སུ་ཅི་ཡིས་ཚོགས་པའི་དབུ་འཁྲིད་དང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་གནང་དུ་བཅུག་གི་ཡོད་པ་ལས་དུས་རྟག་ཏུ་དྲག་པོའི་སྲིད་གཞུང་གི་དམ་བསྒྲགས་འོག་མུ་མཐུད་བཟང་བཙོན་གྱི་གནས་སྟངས་འོག་ཞུགས་ཡོད་པ་རེད།