ཐའེ་ལྦན་སྲིད་འཛིན་ཟུར་པ་འཛིན་བཟུང་བྱས་པར་ངོ་རྒོལ།
ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་བཱེན་འཛིན་བཟུང་བཀག་ཉར་བྱས་པ་དེར་མང་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་ནས་ངོ་རྒོལ་བྱས་འདུག
-
2008-11-12 -
-
-
༄༅༎དེ་ཡང་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་བཱེན་མཆོག་གི་སྲིད་འཛིན་གྱི་ལས་དུས་མ་རྫོགས་གོང་ནས་ཁོང་དང་ཁོང་གི་ནང་མི་ཚོས་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་བཙུགས་ཡོད་མུས་ལྟར་འདས་པའི་ཟླ་བ་འགའ་ཤས་ནང་ཁོང་ལ་ཞིབ་འཇུག་བྱས་པ་བརྒྱུད་ཁ་ས་རེས་གཟའ་མིག་དམར་ཉིན་འཛིན་བཟུང་གི་བཀག་ཉར་བྱས་ཡོད་པ་རེད། ཁོང་ནས་ཉེས་བཙུགས་བྱས་པ་དེ་དག་ལ་ངོས་ལེན་རྩ་བ་ནས་མེད་ཅེས་གསུངས་བཞིན་ཡོད་པ་མ་ཟད་ཁོང་གི་ཚོགས་པའི་གྲོས་ཚོགས་འཐུས་མི་ཉི་ཤུ་ཙམ་ནས་ད་རིང་གསར་འགོད་ལྷན་ཚོགས་ཤིག་ཀྱང་བསྐོངས་ཚོགས་གནང་ཡོད་འདུག གསར་འགོད་ལྷན་ཚོགས་དེའི་ཐོག་ད་རེས་སྲིད་འཛིན་ཟུར་པ་དྲན་ཤུ་བཱེན་མཆོག་འཛིན་བཟུང་བཀག་ཉར་བྱས་པ་དེ་ནི་གོ་མིང་ཏང་སྲིད་གཞུང་ནས་མང་གཙོའི་དང་ཁྲིམས་ལུགས་ཀྱི་མིང་ཐོག་ནས་ཆབ་སྲིད་ཀྱི་ངན་བྱུས་བཤམས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད། འོན་ཀྱང་མང་གཙོ་ཚོགས་པའི་ཚོགས་གཙོ་ཚའེ་ལྦན་ནས་སྲིད་གཞུང་གི་ངོས་ནས་སྲིད་འཛིན་ཟུར་པར་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ནས་གུས་བརྩི་ཞུ་དགོས་པ་དང་མང་ཚོགས་ཀྱི་དབར་འགལ་ཟླ་ཆགས་ནས་ཟིང་ཆ་མི་ཡོང་བའི་དགོངས་པ་བཞེས་དགོས་ལུགས་འབོད་སྐུལ་དང་མང་ཚོགས་ལའང་ཟིང་ཆ་མི་ཡོང་བ་བྱེད་དགོས་པའི་སྐུལ་མ་གནང་ཡོད་པ་རེད། ད་ལྟའི་ཆར་སྲིད་འཛིན་ཟུར་པ་དྲན་ཤུ་བཱེན་ཙམ་མ་ཡིན་པར་ཁོང་གི་སྐུ་ཟླ་དང་ནང་མི་གཞན།དེ་བཞིན་ཁོང་གི་སྲིད་གཞུང་སྐབས་གནད་ཡོད་དཔོན་རིགས་ཁག་ཅིག་གི་ཐོག་ལའང་ལྐོག་ཟ་རུལ་སུངས་ཀྱི་ཉེས་བཙུགས་བྱས་ནས་ཁྲིམས་ཞིབ་བྱེད་མུས་ཡིན་པ་རེད།