རྒྱ་གར་བཞུགས་སྒར་ཁུལ་དུ་ས་གཞིའི་ཉིན་མོར་སྲུང་བརྩི།
རྒྱ་གར་བཞུགས་སྒར་རྡ་རམ་ས་ལའི་ཁུལ་གྱི་བོད་མི་དང་ས་གནས་ཡུལ་མི་ཚོས་ཁ་ས་ས་གཞིའི་ཉིན་མོ་སྲུང་བརྩི་ཞུས་ཡོད་འདུག
-
2009-04-23 -
-
-
༄༅༎ཁ་ས་ཚེས་ཉི་ཤུ་གཉིས་ཉིན་འཛམ་གླིང་ཁྱོན་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་འདྲ་མིན་སྤེལ་ཡོད་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ས་གནས་བདེ་དོན་ལས་ཁུངས་དང་བུད་མེད་ཚོགས་པ།གཞན་ཡང་འབྲེལ་ཡོད་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞིའི་མི་སྣ་ཁག་ཅིག་ནས་མེག་ལོ་གན་ཇིའི་མོ་ཀྲའི་བབས་ཚུགས་དང་གཞན་ཡང་ས་གནས་ཁག་ལ་གཙང་མ་བཟོ་རྒྱུའི་ལས་འགུལ་སྤེལ་གནང་བ་དང་མང་ཚོགས་རྣམས་ལ་ཁོར་ཡུག་སྲུང་སྐྱོབས་བྱེད་ཕྱོགས་ཀྱི་སློབ་གསོའི་དྲིལ་བསྒྲགས་སྤེལ་གནང་འདུག
ཁ་སའི་ལས་གཞི་དེའི་ནང་རྒྱ་གར་ཡུལ་མི་དང་དེ་བཞིན་པ་ལམ་པུར་ནས་ས་ཞིང་འདེབས་ལས་ཀྱི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་དང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ནས་ཀྱང་མཉམ་ཞུགས་གནང་འདུག ས་གནས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་བཞུགས་སྒར་ཁུལ་དེ་སྔ་དང་མི་འདྲ་བར་ཡུལ་སྐོར་སྤྲོ་འཆམ་ཡོང་མཁན་མང་དུ་ཕྱིན་པ་དང་འཛུགས་སྐྲུན་རྒྱ་བསྐྱེད་མང་པོ་འགྲོ་བཞིན་པ་སོགས་ཀྱིས་རང་བཞིན་གྱིས་གཙང་སྦྲ་འཕྲོད་བསྟེན་དང་ཁོར་ཡུག་ཛོར་པོ་ཆགས་ཀྱི་ཡོད་སྟབས་དེ་དག་གི་ཐོག་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱི་ཐོག་ནས་ཁོར་ཡུག་ལ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ལ་ཐེངས་འདིའི་ལས་འགུལ་ཐོག་མཉམ་ཞུགས་བྱེད་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག
དེ་དང་ཕྱོགས་མཚུངས་ས་གནས་རྒྱ་གར་ཟ་ཁང་དང་མགྲོན་ཁང་གི་མཐུན་ཚོགས་ཚོགས་གཙོ་ནེཧ་ར་ནས་ཀྱང་འཛུགས་སྐྲུན་ཡར་རྒྱས་དང་མཉམ་དུ་ཁོར་ཡུག་ལ་ཉམས་རྒུད་མི་འགྲོ་བའི་ཐབས་ཤེས་ཚང་མས་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག ཉིན་མོ་དེར་གངས་དཀར་ཏི་སི་ཁོར་ཡུག་ལས་ཁུངས་ནས་ཀྱང་མང་ཚོགས་ལ་ཁོར་ཡུག་བདག་གཅེས་བྱེད་དགོས་པའི་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་པ་རེད།