སྲིད་སྐྱོང་མཆོག་གིས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁང་བརྩེགས་ལེགས་འགྲུབ་སྒོ་འབྱེད་གནང་འདུག

རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁང་བརྩེགས་༼ཕུན་ཚོགས་ཁང་གསར༽ལེགས་འགྲུབ་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་སོང་།

སྲིད་སྐྱོང་མཆོག་གིས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁང་བརྩེགས་ལེགས་འགྲུབ་སྒོ་འབྱེད་གནང་སྐབས། ༠༨།༢༤།༢༠༢༢ RFA/Dhasa

དེ་ཡང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་སྤྱི་ལོ་༢༠༢༠ལོའི་འགོ་སྟོད་ནས་གསར་རྒྱག་འགོ་འཛུགས་པའི་༼ཕུན་ཚོགས་ཁང་གསར༽ཞེས་པའི་ཁང་བརྩེགས་གསར་པ་དེ་བཞིན་ཉེ་ལམ་ལེགས་གྲུབ་བྱུང་སྟེ། ཟླ་བ་འདིའི་ཚེས་༢༤ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད་པ་རེད།
དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོིང་མཆོག་གིས། འདི་ལྟ་བུའི་ལས་གཞི་ལ་དབུས་ནས་མཐུན་རྐྱེན་གང་ཐུབ་སྦྱར་ཐབས་བྱེད་ཀྱི་ཡོད། འོན་ཀྱང་། སྤྱི་པའི་ལས་གཞི་ཇི་འདྲ་ཞིག་སྤེལ་སྐབས་མང་ཚོགས་མཉམ་ཞུགས་ཀྱིས། མི་མང་མི་རེ་ངོ་རེ་ནས་མཐུན་འགྱུར་སྦྱར་ཡོད་ན། དེ་མི་མང་སོ་སོའི་ཡིན་བསམ་པའི་ཚོར་བ་ཞིག་ཀྱང་ཡོང་གི་རེད་ཅེས་གསུངས་གནང་སོང་།


རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁང་བརྩེགས་གསར་པ་དེ་ནི་བཀའ་ཤག་སྐབས་བཅོ་ལྔ་པའི་ཆོག་མཆན་གནང་སྟེ་ལས་གཞི་འགོ་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། དེར་ཐོག་བརྩེགས་བཞི་ཡོད་པ་ལས། ཡང་སྟེང་དུ་ཟ་ཁང་དང་། དེའི་འོག་ཏུ་ཚོགས་ཁང་། དེ་ནས་ས་གནས་འགོ་འཛིན་གྱི་ལས་ཁུངས་གསར་པ། དེ་བཞིན་ཐོག་བརྩེགས་འོག་མར་ལུས་སྦྱོང་ཁང་བཅས་ཡིན་པ་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྲིང་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་ཀྱི་འགན་ཁུར་བཞེས་ཏེ་འདས་པའི་ལོ་གཅིག་དང་ཟླ་བ་གསུམ་ཙམ་རིང་འདིར། བོད་མིའི་གཞིས་སྒར་ཁག་གི་གནས་སྟངས་ཆ་ཚང་ཞིག་རྒྱུས་ལོན་གྱིས། མི་མང་གི་དགོས་མཁོ་གང་ཡིན་མིན་རྣམས་ཐོ་འགོད་བྱས་ཏེ། ནང་སྲིད་ལས་ཁུངས་ནས་དེ་དག་གལ་ཆེ་ཆུང་གཞིར་བཟུང་བང་སྒྲིག དེ་ནས་དངུལ་འབོར་འགྲོ་གྲོན་ཇི་འགྲོ་སྐོར་ཚོད་དཔག་ཐོ་འགོད་བྱས་ཡོད་པས། འབྱུང་འགྱུར་ལོ་བཞིའི་ནང་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང་འབྲེལ་བའི་འཛིན་སྐྱོང་གིས་ལས་དོན་སྤེལ་ཕྱོགས་ཐད་འགྱུར་བ་གཉིས་བཏང་ཡོད་པ་གསུངས་གནང་སོང་།
གཞི་རྩའི་ཆ་ནས་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ཁང་བརྩེགས་གསར་པ་དེ་ཆ་ཚང་གྲུབ་པར་ཁྱོན་འགྲོ་གྲོན་རྒྱ་གར་གྱི་ཤོག་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་ལྷག་ཕྱིན་འདུག་པ་ལས། འགྲོ་གྲོན་བརྒྱ་ཆ་༨༥བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་བཏང་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org