ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་གོམ་བགྲོད་ལས་འགུལ།
བཙན་བྱོལ་ནང་ཡོད་པའི་ན་གཞོན་རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བཞུགས་སྒར་རྡ་རམ་ས་ལ་ནས་རྒྱལ་ས་ལྷ་ས་བར་གོམ་བགྲོད།
-
2012-03-05 -
-
-
༄༅༎བཙན་བྱོལ་ནང་ཡོད་པའི་ན་གཞོན་རྩོམ་པ་པོ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་རྒྱ་དམར་གཞུང་ལ་དོན་ཚན་ལྔ་བཏོན་གནང་སྟེ་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གོམ་བགྲོད་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ཀྱི་དུས་བབ་གསར་ཤོག་གིས་གསར་འགྱུར་བཏོན་པར་གཞིགས་ན་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཏོན་གནང་བའི་དགོས་འདོན་ཁག་ནི་ཆ་རྐྱེན་གང་ཡང་མེད་པའི་ཐོག་རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་འཇུག་དགོས་པ་། གཉིས་པ་ཆ་རྐྱེན་གང་ཡང་མེད་པའི་ཐོག་པན་ཆེན་ཆུང་སྲིད་རིན་པོ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་འགྲོལ་གཏོང་དགོས་པ་། གསུམ་པ་བོད་མི་རྣམས་ལ་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུའི་རང་དབང་དགོས་པ་། བཞི་པ་བོད་ནང་གི་བོད་མི་རྣམས་ལ་ཆས་གོས་དང་གོམས་གཤིས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས་པ་། ཁོང་གི་དགོས་འདུན་དོན་ཚན་ལྔ་པ་དེར་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་མཁན་རྒྱའི་དྲག་པོའི་དཔུང་དམག་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱ་དགོས་པ་བཅས་ཡིན་པ་རེད་ ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་ནས་བོད་ཀྱི་རྒྱལ་ས་ལྷ་ས་བར་གོམ་བགྲོད་གྱི་ལས་འགུལ་དེར་ཁོང་གི་མ་སྡོམ་པོ་སྐྱིད་ལགས་དང་རྒྱ་གར་སུ་ཇ་བོད་ཁྱིམ་སློབ་གྲའི་ནང་སློབ་བཞིན་པའི་གཅུང་མོ་ལྷ་མོ་སྐྱིད་ལགས་གཉིས་ཀྱང་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད་ བོད་ཀྱི་དུས་བབ་ཀྱི་གསར་འགོད་པས་ཚེ་བརྟན་རྡོ་རྗེ་ལགས་སུ་ཁོང་གིས་ད་ཐེངས་ཀྱི་ལས་འགུལ་དེའི་སྐོར་འདྲི་བ་ཞུས་སྐབས་ཁོང་གིས་ངོས་རང་བདེན་པ་དང་འཚེ་མེད་ཞི་བར་མཐའ་ཡོད་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན། འགྲོ་བ་ཀུན་ལ་ཕན་པའི་བོད་ཀྱི་ནང་པའི་རིག་གཞུང་འདི་ཅུང་མ་འགོར་བར་སྲིད་གཞུང་ངན་པ་ཞིག་གི་ལག་འོག་ཏུ་འཇིགས་ཉེན་ཡོད་སྟབས། བོད་ནང་གི་བོད་མི་ཚོས་སེམས་ཀྱིས་མ་བཟོད་པར་རང་ལུས་མེར་བསྲེག་གཏོང་བཞིན་ཡོད་ལ། དེ་ནི་རང་གི་ཚེ་སྲོག་གཞན་དོན་ལ་ཕུལ་བ་ཞིག་རེད་། དེར་ངོས་རང་གིས་ཞི་བའི་མེ་ལྕེ་དང་སྙིང་རྗེའི་མེ་ལྕེ་ཟེར་གྱི་ཡོད་ཅེས་སོགས་ལན་འདེབས་གནང་ཡོད་པའི་གནས་ཚུལ་ཐོན་འདུག