རྡ་ས་གནས་སྡོད་ལམ་ཁྲོམ་དུ་ཚོང་ལས་བསྐྱོན་མཁན་བོད་མི་གྲངས་ ༧ ལ་གཏན་འཇགས་ཁྲོམ་ས་ཐོབ་པ།

རྡ་ས་གནས་སྡོད་ལམ་ཁྲོམ་དུ་ཚོང་ལས་བསྐྱོན་མཁན་བོད་མི་གྲངས་ ༧ ལ་གཏན་འཇགས་ཁྲོམ་ས་ཐོབ་པ།

ཚོང་ཁང་དབུ་འབྱེད་སྐབས། ༢༠༢༤།༡༠།༢༩ ཉིན། RFA

བཞུགས་སྒར་རྡ་རམ་ས་ལ་དེ་བཞིན་ (Smart City) ཞེས་དེང་རབས་ཅན་གྱི་གྲོང་ཁྱེར་དུ་འཛུགས་སྐྲུན་གྱི་ལས་གཞིའི་ཁོངས། ཟླ་འདིའི་ཚེས་ ༢༩ ཉིན་མེག་གྷན་ཁྲོམ་གཞུང་དུ། གྲོང་སྡེ་རང་སྐྱོང་ལྷན་ཚོགས་ངོས་ནས་ལམ་ཟུར་དུ་ཚོང་ལས་བསྐྱོན་མཁན་གྱི་བོད་མི་ ༧ དང་རྒྱ་གར་བ་དང་བལ་པོ་བཅས་ཁྱོན་མི་གྲངས་ ༢༡ ལ་ (Model Vending Zone) དཔེ་གཞིའི་ཁྲོམ་འདུས་ས་ཁུལ་ཞེས་གཏན་འཇགས་ཀྱི་ཚོང་ཁང་བགོ་འགྲེམས་གནང་ཡོད་པ་དེ་བཞིན། རྫོང་དཔོན་དང་། གྲོང་སྡེའི་སྤྱི་ཁྱབ། དེ་བཞིན་རྡ་ས་ས་གནས་འགོ་འཛིན་བཅས་ལྷན་བཞུགས་ཐོག་ཚོང་ཁག་དེ་དག་དངོས་སུ་དབུ་འབྱེད་གནང་སོང་ལ། ལམ་ཟུར་དུ་ཚོང་ལས་བསྐྱོན་མཁན་རྣམས་ནས་དུས་ཡུན་ཧ་ཅང་རིང་པོར་ངང་སྒུག་གནང་ཡོད་པས་ད་ཆ་ཁོང་རྣམས་ལ་ཚོང་ཁང་ཐོབ་ཡོད་པས་དེ་ནི་གཏམ་བཟང་གི་གནས་ཚུལ་ཞིག་ཡིན་པ་དང་། རིང་མིན་གཞན་གཉིས་པོ་ལའང་ཚོང་ཁང་ཐོབ་ཐབས་དང་། གཞན་ལམ་ཟུར་དུ་ཚོང་ལས་གནང་མཁན་མི་རྣམས་ལ་ཚོང་ཁང་འཛུགས་སྐྲུན་ཐད་འབད་བརྩོན་གནང་རྒྱུ་ཡིན་ཞེས། གྲོང་སྡེའི་སྤྱི་ཁྱབ་ནི་ནུ་ཤར་མ་(Neenu Sharma) ལགས་ནས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

མ་ཟད་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། ཐེངས་འདིར་བོད་མི་ཁག་གཅིག་ལ་ཡིག་ཆའི་དཀའ་ངལ་འཕྲད་ཡོད་པར་བརྟེན་ད་ཆ་བོད་མི་གྲངས་ ༧ ལ་མ་གཏོགས་ཁྲོམ་ས་ཐོབ་མེད་པས། གཙུག་ལག་ཁང་གི་ལམ་ཟུར་དུ་ཡོད་པའི་ཚོང་པ་ཙམ་མིན་པར་གཞན་རྡ་ས་གནས་སྡོད་ལམ་ཁྲོམ་དུ་ཚོང་ལས་བརྒྱུད་འཚོ་བ་སྐྱེལ་མཁན་རྣམས་ཀྱི་ཆེད་དུ་རྡ་ས་ས་གནས་འགོ་འཛིན་ངོས་ནས་བོད་པའི་ཁྲོམ་རྭ་ལོགས་སུ་འཛུགས་སྐྲུན་གནང་རྒྱུའི་འཆར་གཞི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

གཞན་ཡང་འདི་ག་གསར་འགོད་པས་ལམ་ཁྲོམ་ཚོགས་པའི་ཚོགས་གཙོ་པདྨ་རིག་འཛིན་ལགས་ལ་བཀའ་འདྲི་ཞུས་པར་ཁོང་གིས། ཐེངས་འདིར་བོད་མི་གྲངས་ ༧ ལ་གཏན་འཇགས་ཁྲོམ་ས་ཐོབ་ཆེད་དུ་རྡ་ས་ས་གནས་འགོ་འཛིན་གཙོས་པའི་ལམ་ཁྲོམ་ཚོགས་པའི་ཚོགས་མི་ཡོངས་ནས་སྐུ་ལས་ཧ་ཅང་བསྐྱོན་ཡོད་ཅིང་མ་འོངས་རེ་བ་དེ་བས་བཅངས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག་ལ། ཚོང་ཁང་ཐོབ་མཁན་ཁོངས་སུ་བོད་པ་བསྟན་འཛིན་ཐོགས་མེད་ལགས་ནས་དགའ་སྤྲོ་ལྡན་པའི་ངང་རྒྱ་གར་གཞུང་དང་ལྷག་པར་དེའི་ཐད་སྐུ་ལས་བསྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞེས་ཞུས་སོང་།

རྩ་བའི་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ལམ་ཟུར་དུ་ཚོང་པ་གྲངས་ ༤༣ དང་གཞན་རྡ་ས་ས་གནས་གང་སར་ལམ་ཁྲོམ་དུ་ཚོང་ལས་བརྒྱུད་འཚོ་བ་སྐྱེལ་མཁན་བོད་མི་གྲངས་ ༡༡༤ ཙམ་ཡོད་པ་དང་། ཐེངས་འདིར་ཧི་མ་ཅཱལ་གཞུང་ངོས་ནས་བོད་མི་རྣམས་ལ་གཏན་འཇགས་ཀྱི་ཚོང་ཁང་འཛུགས་སྐྲུན་གྱིས་བགོ་འགྲེམས་གནང་ཡོད་པ་ནི་གཞུང་ངོས་ནས་ཕུལ་བ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org