བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གི་དགོངས་ཞུ་གསལ་འགྲེལ།

བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སྲིད་སྐྱོང་ལ་འཛོམས་དགོས་བའི་མི་གཞིའི་ཡོན་ཏན་གཙོ་བོ་དོན་ཚན་དགུ་གསལ་འགྲེལ་གནང་བ།

བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཡོ་རོབ་མཉམ་སྦྲེལ་ནང་གཏམ་བཤད་སྐབས། ༢༠༡༣།༤།༡༨ tibet.net

བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སྲིད་སྐྱོང་ལ་འཛོམས་དགོས་བའི་མི་གཞིའི་ཡོན་ཏན་གཙོ་བོ་དོན་ཚན་དགུ་གསལ་འགྲེལ་གནང་བ།
དེ་ཡང་ཟླ་༣་ཚེས་༦ཉིན་བཀའ་ཟུར་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་དྲིལ་བཀའ་བློན་ནས་རྩ་དགོངས་ཞུས་གནང་བའི་རྒྱུ་རྐྱེན་ཇི་ཡིན་ཡིག་ངག་གཉིས་ཐོག་ནས་གསལ་བཤད་གནང་འདུག
ཡིག་ཐོག་གི་གསལ་འགྲེལ་ཞིག་གནང་འདུག་པ་དེའི་ནང་། བོད་མི་ཚོས་སྲིད་སྐྱོང་འདེམས་པར། གང་ཟག་དེ་ཐུན་མོང་གི་ཁེ་ཕན་ལ་ནུས་ཤུགས་འདོན་ཐུབ་མཁན་དང་། ལས་དོན་མཉམ་རུབ་ཀྱིས་སྒྲུབ་ཐུབ་མཁན། ཕྱིའི་མཐོང་སྣང་ལས་རྩ་དོན་དངོས་གལ་ཆེན་དུ་བརྩི་ཐུབ་མཁན། རང་བསྟོད་མི་བྱེད་པར་གཞན་ལ་བློ་འདྲི་དང་སློབ་སྟོན་ཞུ་མཁན། རང་གི་ཡོན་ཏན་གྱི་སྟེང་ལ་རྐང་པ་བཙུགས་ནས་ལངས་བ་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བསྟོད་པ་རྣམས་སྤྱི་ཚོགས་ཀྱི་གུས་བརྩི་ཐོབ་བྱེད་ལ་བེད་སྤྱོད་མི་བྱེད་མཁན། ལུང་ཚན་དང་ཆོལ་ཁའི་ཕྱོགས་ཞེན་དེ་སྒེར་གྱི་འོས་ཤོག་ཐོབ་བྱེད་དུ་བེད་སྤྱོད་མི་བྱེད་མཁན་བཅས་སྲིད་སྐྱོང་ལ་འཛོམས་དགོས་བའི་མི་གཞིའི་ཡོན་ཏན་གཙོ་བོ་དོན་ཚན་དགུ་འགྲེལ་བཤད་དང་བཅས་གསལ་སྟོན་གནང་འདུག
ད་དུང་ཡི་གེའི་ནང་མུ་མཐུད་དུ། བཀའ་བློན་ནས་དགོངས་པ་ཞུ་དོན་༢༠༡༦ལོའི་སྤྱི་ཟླ་༣ཚེས་༢༠ཉིན་ལ་གནང་རྒྱུའི་འོས་བསྡུ་ཆེན་མོའི་བགྲོ་གླེང་གི་ནང་ལ་ཞུགས་བདེ་བའི་ཆེད་དུ་ཡིན། བཀའ་བློན་ལས་ཐོག་གི་སྐབས་སུ་ང་རང་སྒེར་གྱི་བསམ་ཚུལ་སྤྱི་ཚོགས་སྟེང་ལ་བཤད་ཆོག་གི་མ་རེད། ངས་རྩ་དགོངས་ཞུས་བ་ནི་ཕྱི་ལོགས་ཀྱི་གནོན་ཤུགས་གང་རུང་ཞིག་ལས་བྱུང་བ་མིན་ལ། སྐབས་རྗེས་མའི་བཀའ་ཤག་ཏུ་བསྐོ་བཞག་བྱེད་དང་མི་བྱེད་ལ་ཡང་འབྲེལ་བ་མེད། ངས་ད་དུང་མུ་མཐུད་ནས་བོད་ཀྱི་རྩ་དོན་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ནུས་ཤུགས་ཅི་ཡོད་འདོན་རྒྱུ་ཡིན། གདོང་ལེན་བྱེད་དགོས་བའི་དཀའ་ངལ་ཆེན་པོ་རྣམས་ང་ཚོའི་མདུན་ན་ཡོད།  ང་ཚོས་ངེས་བར་དུ་གདོང་ལེན་གྱི་གྲ་སྒྲིག་ཚགས་ཚུད་བྱེད་དགོས། དུས་ཚོད་འཕྲོད་བརླག་ཏུ་གཏོང་རྒྱུ་མེད། སྲིད་སྐྱོང་རྗེས་མ་ནི་ང་ཚོའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་བའི་གནད་འགག་ཅིག་ཡིན། ད་ལྟ་སྤེལ་བཞིན་པའི་འོས་འདེམས་འདི་ལ་ཆོལ་ཁའི་ཕྱོགས་ཞེན་ཤུགས་ཆེན་པོར་ཐོན་ཡོད། འདི་ནི་གཏོར་བཤིག་ཅན་ཞིག་ཡིན། ང་ཚོས་སྐབས་རྗེས་མ་༢༠༢༡ལོར་ང་ཚོ་ཐུན་མོང་ངོས་ནས་ནར་སོན་བྱུང་བ་མཐོང་རྒྱུའི་རེ་སྨོན་བྱེད་ཅེས་དང་། ད་དུང་ད་རེས་འོས་འདེམས་གྱི་རིང་ལ། བགྲོ་གླེང་བྱས་བའི་དོན་དག་རྣམས་བོད་ནང་གི་ད་ལྟའི་གནས་སྟངས་དང་ང་ཚོའི་ཆབ་སྲིད་ཀྱི་ལས་འགུལ་ལ་འབྲེལ་བ་མེད་པ་ནི་བློ་ཕམ་དགོས་བའི་གནས་ཤིག་ཡིན། བརྒྱ་ཆ་གོ་བརྒྱད་ཟིན་པའི་གཞིས་བཞུགས་བོད་མིའི་བདེ་དོན་གལ་ཆེན་ལ་བརྩི་རྒྱུ་ནི་ང་ཚོའི་བཟང་སྤྱོད་ཀྱི་འགན་ཡིན་པ་སོགས་མདོ་དོན་འདི་ཚེས་༢༠ཉིན་གྱི་འོས་བསྡུའི་སྐབས་ཚང་མས་རང་འགན་གཟབ་ནན་གྱིས་གཞིས་ལུས་བོད་མི་རྣམས་ཀྱི་ཆེད་དུ་རྒྱུ་མཚན་ལྡན་པའི་འདེམས་བསྐོ་ཞིག་གནང་རོགས་ཞེས་འབོད་སྐུལ་གནང་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།་དང་ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org