བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་དྲུང་ཆེ་གསར་པ།
བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་སྐུ་ཞབས་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་དྲུང་ཆེའི་ཕྱག་ལས་སུ་འཕོ་བསྒྱུར།
-
2010-02-05 -
-
-
༄༅༎བཙན་བྱོལ་བོད་གཞུང་གི་གཞུང་ཞབས་སྐུ་ཞབས་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས། བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་སུ་དྲུང་ཆེའི་ཕྱག་ལས་སུ་འཕོ་བསྒྱུར་གནང་བའི་གཞུང་འབྲེལ་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་རེད།
བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་ལ། དེ་རིང་རེས་གཟའ་པ་སངས་ཉིན། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱིས་སྐུ་ཞབས་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་དྲུང་ཆེ་གསར་པའི་ཐུགས་འགན་བཞེས་པར་དགའ་བསུ་ཞུས་གནང་བ་དང། བསྟན་འཛིན་ཕུན་ཚོགས་ལགས་ནི། ཕྱི་ལོ་༡༩༨༢ ལོར་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ནང་ཞུགས་པ་ནས་བཟུང། བོད་ནང་གི་ཁོར་ཡུག་གནས་སྟངས་སྐོར་ཞིབ་འཇུག་བྱེད་རྒྱུར་དམིགས་བསལ་གྱི་འགན་འཁུར་ཆེན་པོ་བཞེས་མྱོང་ཡོད་ཅིང། ཐེ་དབན་དང་ཨོ་སི་ཀྲོ་ལི་ཡ་ནང་དུ་ཡོད་པའི་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་ཁང་དུ་དོན་གཅོད་ཀྱི་ལས་འཁུར་ཞུས་ཡོད་པ་དང། དེ་སྔ་ཕྱི་ལོ་༡༩༨༥ དང། འདི་ལོ་༢༠༡༠ ལོ་སོ་སོར་རྒྱ་ནག་ཏུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་འཐུས་མིའི་གྲས་སུ་ཕེབས་མྱོང་ཡོད་པའི་སྐོར། ཕྱི་ལོ་༡༩༨༥ ཕྱི་ཟླ་བདུན་པའི་ནང་སྐོུ་དམ་པ་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་མཆོག་གིས་སྣེ་ཁྲིད་གནང་བའི་སྐུ་ཚབ་འཐུས་མིའི་ལྷན་དུ་བསྟན་འཛིན་ཕུན་ཚོགས་ལགས་བོད་དུ་གཟིགས་སྐོར་དུ་ཕེབས་ཏེ། སྐབས་དེར་སྐུ་ཚབ་འཐུས་མི་ཁོང་རྣམས་གཟིགས་སྐོར་མང་ཆེ་བ་བོད་བྱང་ཤར་ཨ་མདོའི་ཁུལ་དུ་པེབས་པ་དང། དེར་ཡོད་པའི་རྒྱ་ནག་འཐབ་ཕྱོགས་གཅིག་བསྒྱུར་ལས་ཁང་གི་མཐོ་རིམ་དཔོན་རིགས་དང་ཐུགས་འཕྲད་གནང་བ། དེ་རྗེས་པེ་ཅིང་དུ་པན་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་འབའ་པ་ཕུན་ཚོགས་དབང་རྒྱལ་ལགས་ལྷན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་མཉམ་དུ་ཞུ་རྒྱུ་བྱུང་ཡོད་པ། ཕྱི་ལོ་༡༩༨༢ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་ཚོགས་པའི་སའི་གོ་ལ་གསར་པ་ཞེས་པའི་ལྷན་ཚོགས་ཐོག་སྐབས་དེའི་བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་དྲུང་ཆེ་བསྟན་པ་ཚེ་རིང་ལགས་ལྷན་དུ་ཚོགས་བཅར་ཞུས་ཏེ། ཐེངས་དང་པོར་བོད་ནང་གི་ཁོར་ཡུག་གནས་སྟངས་ཞིབ་འཇུག་གནང་བའི་གལ་ཆེའི་སྙན་ཐོ་ཞིག་འབུལ་ལམ་ཞུས་པ་སོགས། ད་བར་ཁོང་གིས་རྒྱལ་སྤྱིའི་ལྷན་ཚོགས་མང་པོ་ཞིག་ནང་མཉམ་ཞུགས་གནང་སྟེ། བོད་ཀྱི་གནད་དོན་དྲིལ་བསྒྲགས་བྱེད་རྒྱུ་མཚོན་པའི་ཞབས་འདེབས་ཆེན་པོ་ཞུ་མྱོང་མཁན་ཞིག་ཡིན་པའི་ལོ་རྒྱུས་བཀོད་ཡོད་པ་རེད། བཙན་བྱོལ་བོད་གཞུང་གི་དྲིལ་བསྒྲགས་བཀའ་བློན་མཆོག་དང། དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་གཉིས་ཀྱིས་དགའ་བསུའི་གསུང་བཤད་གནང་སྟེ། ཁོང་གི་ད་བར་གྱི་ཕྱག་ལས་ཀྱི་རྒྱུས་མངའ་དང་ཉམས་མྱོང་དེའི་ཐོག་ནས་དྲིལ་བསྒྲགས་ལས་ཁང་གི་ལས་དོན་ཡར་རྒྱས་དང་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོག་ཡོང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།