རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མི་ཆོག་པའི་དམ་དྲགས་དང་ཁ་པར་ལ་ཞིབ་བཤེར་རིགས་བྱེད་བཞིན་ཡོད་འདུག
ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡པོ་ནས་བཟུང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་བྲག་མགོ་དགོན་གྲོང་གཉིས་སུ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མི་ཆོག་པ་པ་ས་གནས་འགོ་ཁྲིད་ཁག་བརྒྱུད་ནས་བསྒྲགས་པ་།
- 2023-02-02
-
-
-
Your browser doesn’t support HTML5 audio
ཕྱི་ལོ་༢༠༢༣ལོའི་ཕྱི་ཟླ་༡པོ་ནས་བཟུང་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་བྲག་མགོ་དགོན་གྲོང་གཉིས་སུ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མི་ཆོག་པ་པ་ས་གནས་འགོ་ཁྲིད་ཁག་བརྒྱུད་ནས་བསྒྲགས་པ་དང་། ས་གནས་ཡུལ་མི་ཚོའི་ཁ་པར་ལ་གང་བྱུང་ཞིབ་བཤེར་གྱིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་མིན་ཐད་ཞིབ་བཤེར་དང་། ཡུལ་མི་ཚོས་ས་གནས་ཀྱི་འབྲེལ་ཡོད་གནས་ཚུལ་ཕྱི་ལ་སྤྲད་མི་ཆོག་པ། ཕྱི་ཕྱོགས་སུ་ཡོད་པའི་འབྲེལ་ཡོད་དང་ནང་མི་སོགས་སུ་འབྲེལ་འདྲིས་དང་། དངུལ་བསྐུར་མི་ཆོག་པའི་དམ་དྲགས་བྱེད་བཞིན་ཡོད་པ།བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠་པ་ནས་བཟུང་རྒྱ་ནག་གཞུང་གིས་བྲག་མགོ་ཁུལ་དུ་སྟོན་པའི་སྐུ་བརྙན་དང་མ་ཎྀ་འཁོར་ལོ་སོགས་གཏོར་བཤིག་བཏང་སྟེ།ཡུལ་དེའི་ནང་དམ་དྲག་དང་ཡུལ་མི་འཛིན་བཟུང་བཀག་ཉར་སོགས་བྱས་ཡོད་པ་རེད་ལ། ཡང་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་ད་ལྟའི་ཆར་བྲག་མགོ་རྫོང་གི་དེ་སྔའི་དམར་ཤོག་འགོ་ཁྲིད(Wang Dong sheng)ཟེར་བ་བརྗེ་བོ་བརྒྱབ་ཡོད་སྟབས། སྔོན་དང་བསྡུར་ན་དགོན་པའི་བྱེད་སྒོ་ཁག་ལ་དམ་དྲགས་དེ་ཙམ་མེད་ཀྱང་། དགོན་པའི་ལས་སྣེ་ཚོར་རྒྱུན་པར་ཚོགས་འདུ་ཚོགས་ཏེ་སློབ་གསོ་གཏོང་བ་དང་། ས་གནས་མགོ་ཁྲིད་ཁག་བརྒྱུད་ནས་ཡུལ་མི་ཚོར་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་ཡིན་ན། དྲ་ལམ་ཁག་ཏུ་ལྟ་རྟོགས་ནན་མོ་བྱས་ཡོད་པ་སོགས་ཀྱི་འཇིགས་སྐུལ་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
འདི་ལོའི་ཕྱི་ཟླ་༡ཚེས་༢༣་ཉིན་དབྱིན་ཡུལ་དུ་ཡོད་པའི་བོད་གནས་ལྟ་ཞིབ་ཁང་(Tibet Watch)་དང་བོད་རང་དབང་ཚོགས་པ་(Free Tibet)་གཉིས་ཀྱིས་སྙན་ཐོ་ཞིག་བཏོན་སྟེ།ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༠པའི་ནང་ནས་བཟུང་། བྲག་མགོ་རྫོང་དེ་བཞིན་རྒྱ་ནག་དམར་པོའི་དྲག་པོའི་བཙན་གནོན་འོག་ཚུད་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་ཤུལ་བཞག་བཅས་པ་གཏོར་བཤིག་བཏང་བ་དང་། ས་གནས་བོད་མི་རྣམས་གང་བྱུང་འཛིན་བཟུང་བཙོན་འཇུག་དང་སྡུག་སྦྱོར་མནར་གཅོད་གཏོང་བཞིན་པ་སོགས་ཐེར་འདོན་བྱས་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་བྲག་མགོ་རྫོང་དུ་དམ་དྲག་དང་ཡུལ་མི་ཚོའི་འགྲོ་སྐྱོད་ཐད་ལྟ་བཤེར་ནན་མོ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡ལོར་བྲག་མགོ་ནས་སྟོན་པའི་སྐུ་བརྙན་དང་སློབ་གྲྭ་སོགས་གཏོར་བཤིག་དང་འབྲེལ། རྒྱ་ནག་གཞུང་གིས་དེ་འབྲེལ་གནས་ཚུལ་ཁག་ཕྱི་ཕྱོགས་སུ་མི་ཤོར་ཆེད་གསང་རྒྱ་དམ་པོ་བྱས་པ་མ་ཟད། ཉེན་རྟོག་པ་འགྲེམས་འཇོག་གིས་ཡུལ་མི་ཚོར་ལྟ་རྟོགས་དང་དགོན་པའི་དགེ་འདུན་པ་ཚོར་ལག་ཏུ་ཁ་པར་སོགས་གང་ཡང་འཁུར་མ་བཅུག་པར་སྐུ་བརྙན་གཏོར་བཤིག་གི་ཡུལ་དངོས་སུ་ལྟ་བཅུག་པའི་གནས་ཚུལ་བྱུང་ཡོད་པ་རེད་ལ། རྗེས་སུ་སྐུ་བརྙན་གཏོར་བཤིག་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་སྐོར་བརྗོད་ནས་བྲག་མགོ་དགོན་གྲོང་གཉིས་སུ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།