རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་ལ་གཟེངས་རྟགས།
དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་དབུ་ལྷ་རྒྱལ་དབང་འབྲུག་པ་རིན་པོ་ཆེར་རྒྱ་གར་གྱི་ཆེ་བསྟོད་བྱ་དགའ་དེ་འབུལ་བཞེས་གནང་ཡོད་འདུག
-
2010-06-05 -
-
-
༄༅༎དཔལ་འབྲུག་པ་བཀའ་བརྒྱུད་ཀྱི་དབུ་ལྷ་རྒྱལ་དབང་འབྲུག་པ་རིན་པོ་ཆེར་སྦ་རཏ་ཇོ་ཏི་Bharat Jyotiཞེས་པའི་རྒྱ་གར་གྱི་ཆེ་བསྟོད་བྱ་དགའ་དེ་འབུལ་བཞེས་གནང་ཡོད་འདུག དེ་ཡང་རི་པབ་ལི་ཁ་Republicaཞེས་པའི་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆེ་བསྟོད་ཀྱི་བྱ་དགའ་འདི་གསོལ་སྩལ་གནང་མཁན་གྱི་སྒྲིག་འཛུགས་དེ་ནི་India International Friendship Societyའམ་རྒྱ་གར་རྒྱལ་སྤྱིའི་མཛའ་འབྲེལ་ཚོགས་པ་ཞེས་པ་དེ་ཡིན་པ་དང༌། ཚོགས་པ་དེ་ནས་འདི་ཚེས་༢༦ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་མཛད་སྒོ་ཞིག་གི་ཐོག་རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་ལ་བྱ་དགའ་དེ་འབུལ་ཡོད་པ་དང༌། སྐབས་དེར་འབྲུག་པ་རིན་པོ་ཆེ་མཆོག་མཛད་འབྲེལ་གྱིས་མཛད་སྒོའི་ཐོག་ངོ་ཕེབས་མ་ཐུབ་པར་བརྟེན། བྱ་དགའ་དེ་བཞེས་པར་ཁོང་གི་སྐུ་ཚབ་ཀུན་དགའ་རིན་པོ་ཆེ་ཕེབས་ཡོད་འདུག་ཅིང༌། ད་ལམ་གྱི་གཟེངས་བསྟོད་བྱ་དགའ་དེ་བཞིན་འབྲུག་པ་རིན་པོ་ཆེར་འབུལ་དགོས་པ་ནི། རིན་པོ་ཆེ་མཆོག་གིས་འཛམ་གླིང་ནང་མཛའ་བརྩེ་དང༌། སྐྱེས་པ་དང་བུད་མེད་ལ་ཐོབ་ཐང་སྤྱི་མཚུངས་དགོས་པའི་བསམ་བློ་གོང་འཕེལ། དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབ་གནང་བའི་མཛད་རྗེས་ལ་བསྔགས་བརྗོད་ཞུ་ཆེད་ཡིན་པའི་སྐོར་རྒྱ་གར་རྒྱལ་སྤྱིའི་མཛའ་འབྲེལ་ཚོགས་པས་འགྲེལ་བརྗོད་གནང་འདུག་ལ་ དེ་ནས་བྱ་དགའ་དེ་བཞིན་བལ་ཡུལ་རྒྱལ་ས་ཀཐ་མན་གྲུར་རྒྱལ་དབང་འབྲུག་པ་རིན་པོ་ཆེའི་གདན་སར་འབྱོར་བའི་རྗེས། རིན་པོ་ཆེ་མཆོག་གིས་བྱ་དགའ་དེ་གནང་སོན་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། ལྷག་པར་དུ་བྱ་དགའ་དེ་བཞིན་རྩ་ཆེའི་ས་ག་ཟླ་བའི་དུས་ཆེན་སྐབས་གནང་སོན་བྱུང་བ་དེ་ནི་དམིགས་བསལ་གྱི་རྟེན་འབྲེལ་བཟང་པོ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་འདུག།