༧གོང་ས་མཆོག་གི་ཡང་སྲིད་ཐད་རྒྱ་ནག་སོགས་སུ་ལ་དབང་ཆ་མེད།

༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་མགོན་པོ་གང་ཉིད་ཀྱི་ཕྱག་ལ་ཡོད་པ་འབྲུག་པ་རིན་པོ་ཆེ་མཆོག་གིས་གསུངས་འདུག

འབྲུག་པ་རིན་པོ་ཆེར་བཅར་འདྲིའི་སྐབས། ༢༠༡༥།༥།༥ ཀླུ་འབུམ།/RFA

༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཕེབས་ཕྱོགས་མགོན་པོ་གང་ཉིད་ཀྱི་ཕྱག་ལ་ཡོད་པ་རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་གིས་གསུངས་འདུག
དེ་ཡང་འབྲུག་པ་བཀའ་རྒྱུད་ཀྱི་བླ་ཆེན་རྒྱལ་དབང་འབྲུག་པ་རིན་པོ་ཆེ་མཆོག་ལ་འདི་ག་རླུང་འཕྲིན་ཁང་གིས་དམིགས་བསལ་གནས་འདྲི་ཞུས་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ཉེ་ཆར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར་གཏམ་བཤད་སྤེལ་བའི་ཐད་དགོངས་ཚུལ་བཀའ་འདྲི་ཞུས་པར་འབྲུག་པ་རིན་པོ་ཆེ་མཆོག་གིས། སྐུ་མདུན་ད་ལྟ་སྐུ་འཚོ་ཞིང་བཞུགས་པའི་སྐབས་འདིར་མ་འོངས་དགོངས་པ་རྗོགས་པའི་རྗེས་ཡང་སྲིད་རྩད་གཅོད་ཞུ་ཡག་སྐོར་བཀའ་མོལ་ཞུ་ཕོད་ཡག་མེད་པ་དང་། ༧གོང་ས་མཆོག་ནི་ཐམས་བཅད་མཁྱེན་པ་སོང་ཙང་། སྐུའི་ཡང་སྲིད་ཕེབས་ཡག་དེ་མགོན་པོ་གང་ཉིད་ཀྱི་ཕྱག་ལ་ཡོད་པ་མ་གཏོགས་གཞན་སུ་ཞིག་ལ་དེའི་སྐོར་ལབ་རྒྱུའི་དབང་ཆ་མེད་སྐོར་གསུངས་པ་དང་ཆབས་ཅིག་རྒྱ་ནག་ལའང་དབང་ཆ་མེད་སྐོར་བཀའ་ལན་གནང་འདུག
དེ་བཞིན་བོད་ནང་དུ་ད་བར་བོད་མི་༡༣༩ཡིས་རྒྱ་ནག་གཞུང་ལ་རང་ལུས་མེ་བསྲེགས་ཀྱིས་ངོ་རྒོལ་གནང་ཡོད་པར་འབྲུག་པ་རིན་པ་ཆེ་མཆོག་གི་དགོངས་ཚུལ་ཇི་ཡོད་བཀའ་འདྲི་ཞུས་པའི་བཀའ་ལན་དུ། རང་ལུས་མེར་བསྲེགས་བཏང་ཡག་དེ་འཇིག་རྟེན་པའི་ཕྱོགས་ནས་འདི་ཡག་པོ་ཡིན་ཟེར་གྱི་ཡོད་ནའང་། ཆོས་ཕྱོགས་ནས་དེ་དག་ཡག་པོ་མིན་པའི་རྒྱུ་མཚན་ནི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་དེ་འཚོ་ཞིང་བསྡད་ནས་ཆོས་པ་ཞིག་ཡིན་ན། ཆོས་ལ་ཐོས་བསམ་སྒོམ་གསུམ་དང་། འཇིག་རྟེན་པ་ཡིན་ན་ཤེས་ཡོན་སྦྱང་ནས་བདེན་མཐའ་གསལ་ཐུབ་པའི་ལས་དོན་ཞིག་བྱེད་ཐུབ་ན་ཡག་པ་ཡོད་པར་འབྲུག་པ་རིན་པོ་ཆེ་མཆོག་གིས་ངོས་འཛིན་གནང་འདུག འབྲུག་པ་རིན་པོ་ཆེ་ལ་བཅར་འདྲི་ཞུས་པ་ཆ་ཚང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྙན་འཕྲིན་ལས་རིམ་ཐོག་གཟིགས་ཐུབ་ཀྱི་རེད།     

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org