སྐུ་ཕུང་ཞུཊ་འབུལ་སྐབས་ཕ་མ་ཉེ་འབྲེལ་ཡོང་བཅུག་མི་འདུག
གྲུབ་མཆོག་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་ནས་སྐུ་གྲོངས་རྗེས་སྐུ་ཕུང་འབར་ཁམས་སུ་ཁྱེར་ནས་ཞུགས་འབུལ་བྱས་ཡོད་ཀྱང་། སྐབས་དེར་ཕ་མ་ཉེ་འབྲེལ་སོགས་ཡོང་བཅུག་མེད་པ་རེད་འདུག
-
2013-01-21 -
-
-
དེ་ཡང་བསོད་ནམས་ལ་བོད་ནས་གནས་ཚུལ་འབྱོར་བ་བཏང་དོན། ཕྱི་ཚེས་༡༨ཉིན་བོད་མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་ཕ་ཀྱོག་པོ་དང་། མ་གཡང་མཚོ་ཡི་བུ་གྲུབ་མཆོག་ལགས་ཀྱིས་ཉིན་རྒྱབ་བོད་ནང་གི་ཆུ་ཚུད་༣དང་སྐར་༡༥་སྟེང་རང་ལུས་མེར་རུ་བསྒྲོན་ནས་རྒྱ་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིེད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག་པ་དང་། ཁོང་གི་རང་ལུས་མེར་བསྲེགས་སྐབས་ས་གནས་དེ་གར་འབྲོག་མི་རྒྱ་ཕྲག་མང་པོ་འཛོམས་ནས་སྐུ་ཕུང་རྒྱ་ལག་ལ་ཤོར་ཏུ་མ་བཅུག་པར་རང་ཁྱིམ་ལ་ཁྱེར་ཡོད་ནའང་རྗེས་སུ་རྒྱ་ནག་སྲིད་གཞུང་གི་མི་སྣ་དང་། ཉེན་རྟོག་པ། དྲག་ཆས་དམག་མི་སོགས་མང་པོ་ཁོང་གི་ཁྱིམ་ལ་འཛུལ་ནས་སྐུ་ཕུང་བཙན་འཕྲོག་གིས་ཁུལ་སྲིད་གཞུང་གི་ལྟེ་གནས་འབར་ཁམས་སུ་ཁྱེར་ནས་ས་གནས་དེ་རུ་སྐུ་ཕུང་ཞུགས་འབུལ་བྱས་ཡོད་འདུག
སྐབས་དེར་ཁོང་གི་ཕ་མ་དང་། ཉེ་འབྲེལ་གཅིག་ཀྱང་འབར་ཁམས་སུ་འགྲོ་བཅུག་ཡོད་མི་འདུག འོན་ཀྱང་ཨ་མཆོག་དགོན་པའི་གྲྭ་མང་རྣམས་ཁོང་གི་ཁྱིམ་དུ་ཕེབས་ཏེ་བསྔོ་བ་སྨོན་ལམ་གསུང་ཡོད་པ་རེད།
ཚེས་༡༩ཉིན་ས་གནས་ཡུལ་མི་རྣམས་ཁོང་ཚང་གི་ཁྱིམ་ལ་མྱ་ངན་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། མྱ་ངན་འཚམས་འདྲི་ཕེབས་མི་རྣམས་ལ་གྲུབ་མཆོག་གི་ཕ་ཅོག་པོས་ངའི་བུ་འདི་བོད་མི་རིགས་ཀྱི་བདེན་དོན་དང་། རང་དབང་གི་ཆེད་དུ་ཤི་བ་ཡིན་པས་ང་ཕ་ལ་འགྱོད་པ་སྤུ་ཙམ་ཡང་མེད་ཟེར་ནས་གཏམ་བཤད་གནང་འདུག ད་ཆ་ཁྱུང་མཆུ་རྫོང་དང་། སྦ་ཆེན་གྲོང་རྡལ་སོགས་སུ་རྒྱ་དམག་གིས་ཡོངས་སུ་བསྐོར་ནས་ལག་ཏུ་དེང་རབས་ཀྱི་མཚོན་ཆ་སྣ་ཚོགས་བཟུང་སྟེ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག
དེ་འབྲེལ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་པས་གནས་ཚུལ་བཏང་དོན་ལྟར་ན། ཚེས་༡༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་༣།༡༥ ཙམ་ལ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མ་ནས་ཡིན་པའི་གྲུབ་མཆོག རང་ལོ་༢༨ ཡིན་པ་ཁོང་གིས་སྦྲ་ཆེན་ཡུལ་ཚོའི་ལག་རྩེད་སྤོ་ལོ་རྩེད་ཐང་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་གནང་བཞིན་མེ་དཔུང་གི་ཁྲོད་ནས་འདས་གྲོངས་སུ་གྱུར་ཡོད་འདུག ཁོང་འདས་གྲོངས་སུ་གྱུར་མ་ཐག་རྒྱ་གཞུང་གི་ཉེན་རྟོག་མི་སྣ་སོགས་ཀྱིས་ཁོང་གི་སྐུ་ཕུང་བཙན་ཁྱེར་བྱས་ཏེ་ནང་མིར་སྤྲད་མེད་པ་དང་། དེ་མཚུངས་སུ་ས་གནས་ལ་ཉེན་རྟོག་པ་སོགས་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་འདུག
གྲུབ་མཆོག་ལགས་ནི་སྦྲ་ཆེན་ཡུལ་ཚོའི་རུ་ཁག་གཉིས་པའི་གཙོས་རུ་མའི་ཕ་ཀྱོག་པོ་དང་། མ་གཡང་མཚོ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་སྤུན་མཆེད་བཞི་ཡོད་འདུག ཁོང་ད་ལྟ་ཕ་མའི་ཁྱིམ་དུ་མེད་པར་ཨ་དབུས་མགོན་པོ་ཚང་ལ་མག་པར་སོང་ཡོད་པ་དང་། ཨ་དབུས་མགོན་པོ་ཚང་གི་བུ་མོ་རིག་པ་དང་གཉེན་སྒྲིག་བྱས་ཏེ་ད་ལྟ་ཁོང་གཉིས་ལ་བུ་མོ་གཉིས་ཡོད་པའི་ནང་གི་བུ་མོ་ཆུང་བ་གནས་མཆོག་མཁའ་འགྲོ་ལོ་༣ དང་བུ་མོ་ཆེ་བ་དཀོན་མཆོག་ཆོས་སྒྲོན་ལོ་༥ ཡིན་འདུག་ལ། ད་ལྟ་ དཔའ་བོ་ཁོང་གི་བཟའ་ཟླ་རིག་པ་ལ་མངལ་ཆགས་ཡོད་འདུག