ཡོ་རོབ་མཐུན་ཚོགས་ནས་སྦར་མའི་འོས་བསྡུ་ངོས་འཛིན་བྱ་ཕྱོཌ།

ཡོ་རོབ་མཐུན་ཚོགས་ནས་སྦར་མའི་དྲག་པོའི་གཞུང་ལ་ཕྱི་ཟླ་བཅུ་གཅིག་པའི་ནང་སྦར་མའི་འོས་བསྡུ་དེ་བཞིན་དྲང་བདེན་ཞིག་བྱུང་བའི་རེ་བ།

༄༅༎རེས་གཟའ་སྤེན་པའི་ཉིན་ཡོ་རོབ་མཐུན་ཚོགས་ནས་སྦར་མའི་དྲག་པོའི་གཞུང་ལ་ཕྱི་ཟླ་བཅུ་གཅིག་པའི་ནང་སྦར་མའི་འོས་བསྡུ་དེ་བཞིན་དྲང་བདེན་ཞིག་མ་བྱུང་ཚེ་འཛམ་གླིང་མི་དམངས་ཀྱི་ངོས་ནས་འོས་བསྡུ་དེ་ཁྲིམས་མཐུན་ཅན་ཞིག་ཏུ་ངོས་འཛིན་བྱེད་རྒྱུ་མིན་པ་བརྗོད་འདུག།

གཟའ་པ་སངས་ཉིན་སྦར་མའི་དྲག་པོའི་གཞུང་གིས་་ཕྱི་ཟླ་༡༡པའི་ཚེས་༧ཉིན་སྦར་མའི་རྒྱལ་ཡོངས་འོས་བསྡུ་གཉེར་རྒྱུའི་དུས་ཚེས་གསལ་བསྒྲགས་བྱས་ཅིང་ འདི་ནི་འདས་པའི་ལོ་ཉི་ཤུའི་ནང་གི་འོས་བསྡུ་དང་པོ་དེ་ཆགས་རྒྱུ་ཡིན་པ་རེད་ འོན་ཀྱང་སྦར་མའི་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ མང་གཙོ་དོན་གཉེར་བ་ཚོས་འོས་བསྡུ་འདི་ནི་ དྲག་པོའི་གཞུང་གིས་སོ་སོའི་འདོད་མོས་ཡོད་པའི་སྲིད་དོན་ཚོགས་པ་ཞིག་གཞུང་འཛིན་པར་བསྐོ་བཞག་འབྱུང་ཐབས་ཀྱི་ངན་བྱུས་འབའ་ཞིག་ཡིན་པའི་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

གཟའ་སྤེན་པའི་ཉིན་སྦར་མའི་རྒྱལ་ས་ཡང་གུན་ནང་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་གིས་ཡོ་རོབ་མཐུན་ཚོགས་ཀྱི་ངོ་ཚབ་ཀྱི་ཐོག་ནས་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ འོས་བསྡུ་འདིར་སྦར་མར་གྱི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁྲིམས་མཐུན་གྱི་ངོས་འཛིན་ཡོང་བ་ཞིག་དགོས་ཀྱི་ཡོད་ཚེ་ སྦར་འི་དབང་འཛིན་པ་ཚོས་སྲིད་དོན་གྱི་ཚོགས་པ་སུ་འདྲ་ཞིག་ཡིན་རུང་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་དོན་སྤེལ་ཆོག་པ་བཟོ་དགོས་པར་མ་ཟད་ དངོས་གཞིའི་འོས་བསྡུའི་ལས་རིམ་ཁག་འདྲ་མཉམ་དང་དྲང་བདེན་ཡོང་བ་ཞིག་ངེས་པར་དགོས་ཀྱི་རེད་ཅེས་འཁོད་འདུག།

དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མུན་མཆོག་གིས་ཀྱང་གོང་མཚུངས་གསལ་བསྒྲགས་ཤིག་གཟའ་པ་སངས་ཉིན་གནང་པ་དེའི་ནང་ཡང་ ད་ལྟ་བཙོན་བཅུག་དོ་དམ་འོག་ཡོད་པའི་ལྕམ་ཨང་སང་སུ་ཅི་གཙོས་མང་གཙོ་དོན་གཉེར་བྱ་མཁན་དེ་དག་ ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་ཐུབ་པ་ཡོང་རྒྱུར་ སྦར་མར་གཞུང་གི་ངོས་ནས་སྲིད་དོན་གྱི་བཙོན་པ་ཡོངས་རྫོགས་གློད་གྲོལ་གཏོང་དགོས་ཀྱི་རེད་ཅེས་གསུངས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org