སེར་ཤུལ་དུ་ས་འགུལ་རྒྱབ་ནས་ཁྱིམ་ཚང་བརྒྱད་བརྒྱ་ལྷག་གི་ཁང་པར་གནོན་སྐྱོན་བྱུང་།
དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དྲུག་ཡིན་པའི་ས་འགུལ་རྒྱབ་ནས་ཁྱིམ་ཚང་༨༠༠་མ་ཟིན་ཙམ་གྱི་ཁང་པར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བྱུང་འདུག
-
2020-04-02 -
-
-
དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་འགུལ་ཚད་རིམ་པ་ལྔ་ཚེག་དྲུག་ཡིན་པའི་ས་འགུལ་རྒྱབ་ནས་ཁྱིམ་ཚང་༨༠༠་མ་ཟིན་ཙམ་གྱི་ཁང་པར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་བྱུང་འདུག
དེ་ཡང་སྤྱི་ཟླ་བཞི་བའི་ཚེས་༡་ཉིན་གྱི་དགོང་མོར། སི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ། འགུལ་ཚད་རིམ་པ་ལྔ་ཚེག་དྲུག་ཡིན་པའི་ས་འགུལ་རྒྱབ་ནས་ཁང་པ་མང་པོ་སེར་གས་བྱུང་ནས་ཉེན་ཁ་ཅན་དུ་གྱུར་ཡོད་པ་དང་། ས་གནས་མི་དམངས་དངངས་སྐྲག་ཆེན་པོ་བྱུང་ཡོད་པ་མ་ཟད། ས་ཡོམ་དེའི་འགུལ་ཤུགས་གསེར་རྟ་སོགས་ཉེ་འཁོར་གྱི་ས་གནས་ཁག་མང་པོ་ནས་ཚོར་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་སྐབས་ཐོག་གནས་ཚུལ་འབྱོར་ཡོད།
འདི་ཚེས་༢་ཉིན་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཚེས་༡་ཉིན་ས་འགུལ་བྱུང་ཡུལ་ལྟེ་བ་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁྲོ་ཤུལ་གོང་མ་ཡུལ་ཚོའི་ཉེ་འཁོར་ཡིན་པ་དང་། མིག་སྔར། རྫོང་ཡོངས་སུ་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཀྱང་། ཡུལ་ཚོ་དང་གྲོང་རྡལ་༡༥་དང་། གྲོང་ཚོ་༨༤་ཡི་ཁྱིམ་ཚང་༧༩༠་ལྷག་གི་ཁང་པར་ཚད་གཞི་མི་འདྲ་བའི་ཡོམ་སྐྱོན་དང་སེར་གས་གཏོར་སྐྱོན་བྱུང་ནས། ཡུལ་མི་མི་གྲངས་༤༠༦༧་ལྷག་ལ་གནོད་འཚེ་ཕོག་ཡོད། སྔོན་དཔག་བྱས་ན། བསྡོམས་པས་རྒྱ་སྒོར་ཁྲི་༨༠༠༠་ཙམ་གྱི་དཔལ་འབྱོར་གྱི་གྱོང་གུན་ཕོག་ཡོད་པ་དང་། གནོད་འཚེ་ཕོག་ཡུལ་དུ་མུ་མཐུད་དུ་ཞིབ་དཔྱད་བྱེད་བཞིན་ཡོད་པ་སོགས་འཁོད་འདུག
སེར་ཤུལ་རྫོང་ནི་རྒྱ་ནག་གིས་ཆ་བགོས་བྱས་བའི་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ས་བབ་ཧ་ཅང་མཐོ་བའི་རྫོང་ཞིག་ཡིན་པ་དང་། མི་འབོར་ཁྲི་༡༠་ཙམ་ཡོད་པ་རེད།